(༢༽. ཁྱད་པར་རྒྱུད་སྡེ་བཞི་ལ་སོགས་པ་སོ་སོའི་ངེས་ཚིག)
གཉིས་པ་ནི། ཁྲུས་དང་གཙང་སྦྲ་ལ་སོགས་པའི་ཕྱིའི་བྱ་བ་གཙོ་བོར་སྟོན་པས་བྱ་བའི་རྒྱུད་དེ། དགྱེས་རྡོར་བསྡུས་དོན་གྱི་འགྲེལ་པ་ལས། དེ་ཁོ་ན་སྒོམ་པའི་ནུས་པ་ཆུང་བ་མཚན་མ་ཙམ་གྱི་སྤྱོད་པ་ལ་མངོན་པར་དགའ་བ་རྣམས་ལ་ཕྱིའི་སྤྱོད་པ་དེ་དག་ཤས་ཆེར་སྟོན་པ་བྱ་བའི་རྒྱུད་རྡོ་རྗེ་གཙུག་ཏོར་གྱི་ཞེས་སོ། །ཕྱི་ལུས་ངག་གི་བྱ་བ་དང་ནང་སེམས་ཀྱི་ཏིང་ངེ་འཛིན་གཉིས་ཀ་ཆ་མཉམ་པར་སྤྱོད་པ་སྤྱོད་པའི་རྒྱུད་དམ། བརྟུལ་ཞུགས་ཀྱི་སྤྱོད་པ་གཙོ་བོར་སྟོན་པས་སྤྱོད་པའི་རྒྱུད་དེ། རབ་ཏུ་སྒྲོན་གསལ་ལས། བརྟུལ་ཞུགས་དང་། དངོས་གྲུབ་དང་རྫུ་འཕྲུལ་གཙོ་བོར་གྱུར་པ་ལ་སོགས་པ་སྤྱོད་པའི་རྒྱུད་དེ་ཞེས་སོ། །ཡང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། བྱ་དང་གཉིས་ཀ་རྣལ་འབྱོར་རྒྱུད། །དགོངས་གསུངས་རྣམས་ཀྱིས་དེ་ལྟར་མིན་ཞེས་གཉིས་ཀའི་རྒྱུད་ཅེས་གསུངས་པ་ལྟར་ན་ནང་ཏིང་ངེ་འཛིན་གྱི་རྣལ་འབྱོར་གཙོ་བོར་སྟོན་ཡང་ཕྱིའི་བྱ་བ་ལ་མོས་པའི་གདུལ་བྱ་གཟུང་བའི་ཕྱིར་བྱ་བའི་རྒྱུད་ཀྱི་སྤྱོད་པ་རྣམས་ཀྱང་སྟོན་པ་གཉིས་ཀའི་རྒྱུད་དེ། ཕྱག་རྡོར་དབང་བསྐུར་བས་ལས་བྱ་བ་དང་རྣལ་འབྱོར་ཐ་དད་མ་ཡིན་པའི་རྣལ་འབྱོར་དང་ལྡན་པའི་དཀྱིལ་འཁོར་རོ་ཞེས་དང་། དགྱེས་རྡོར་གྱི་བསྡུས་དོན་འགྲེལ་པ་ལས། གང་ཞིག་བྱ་བའི་ཁྱད་པར་ལ་ཡང་མོས་ཤིང་། ཐབས་དང་ཤེས་རབ་ཀྱི་སྤྱོད་པ་རྒྱ་ཆེན་པོ་ལ་ཡང་སྦྱོར་བའི་
༄༅། །ནང་གི་བདག་ཉིད་ཀྱི་ཚུལ་ཡང་མི་འདོར་བར་སྤྲོ་བ་དེ་དག་ལ་ནི་བྱ་བ་དང་། རྣལ་འབྱོར་གྱི་ཆ་གཉིས་ལས་འཐུན་པའི་གཉིས་ཀའི་རྒྱུད་ཕྱག་ན་རྡོ་རྗེ་དབང་བསྐུར་བ་ཞེས་བྱ་བ་དང་ཞེས་སོ། །ནང་ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་བསྒོམ་པ་གཙོ་བོར་གྱུར་པས་རྣལ་འབྱོར་གྱི་རྒྱུད་དེ། དེ་ཉིད་སྣང་བ་ལས། རྒྱུད་འདི་ནི་སྒོམ་པ་གཙོ་བོར་གྱུར་པ་ཡིན་པས་ཞེས་དང་། དབང་སྦྱིན་པ་ལ་སོགས་པ་སྣ་ཚོགས་འབྲེལ་ཞིང་བཏུས་པས་རྣལ་འབྱོར་གྱི་རྒྱུད་ཅེས་བྱའོ། །ཞེས་སོ། །ཡང་ཐབས་ཤེས་དབྱེར་མེད་དུ་སྦྱོར་བས་རྣལ་འབྱོར། རྒྱུད་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ན་ཆེན་པོ། དེའི་གོང་ན་རྒྱུད་གཞན་མེད་པས་ན་བླ་ན་མེད་པ་སྟེ། གུར་གྱི་འགྲེལ་པར། རྒྱུད་རྣམས་ཀུན་གྱི་བླ་མ་སྟེ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་བླ་ན་མེད་པ་སྟེ། བྱ་བ་དང་སྤྱོད་པའི་རྒྱུད་ལ་སོགས་པའི་བླ་མར་གྱུར་པའི་ཕྱིར་རོ་ཞེས་སོ། །