(༣.. དེ་དག་ཐབས་ཤེས་རབ་ཀྱི་ཕྱོགས་གཉིས་སུ་བསྡུ་བ།)
གསུམ་པ་ནི། དེ་ལྟར་རྒྱུད་སྡེ་སྒོ་དྲུག་གམ་གསུམ་པོ་ཡང་བསྡུས་ན་གསང་སྔགས་དང་རིགས་སྔགས་གཉིས་སུ་འདུ་ལ། གསང་སྔགས་ནི། ཐབས་ཕོ་གཙོ་ཆེ་བའི་རྒྱུད། རིགས་སྔགས་ནི་ཤེས་རབ་མོ་གཙོ་ཆེ་བའི་རྒྱུད་ཡིན་ལ། གཟུངས་ནི་དེ་གཉིས་ཀྱི་དོན་དྲན་པ་དང་ཤེས་རབ་ཀྱིས་རྟོགས་ནས་མི་བརྗེད་པ་འཛིན་པ་ཡིན་པས་གཉི་གར་དུ་འདུས་པ་འམ། ཡང་ན་སྔགས་གཅིག་ལ་ལྷ་ཕོ་མོ་གཉིས་ཀའི་སྔགས་སུ་འགྱུར་བ་ནི་གཟུངས་སྔགས་ཡིན་ནོ། །དེ་དག་ཀྱང་དོན་དམ་པར་ཐབས་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་དེ་ཁོ་ན་ཉིད་ཤེས་པ་དང་འགྲོ་བ་སྐྱོང་བར་བྱེད་པས་སམ། ཡིད་སྐྱོབ་པར་བྱེད་པས་གསང་སྔགས། མ་རིག་པ་སྤོང་ཞིང་རིག་པར་བྱེད་པས་རིགས་སྔགས་ཡིན་པའི་ཕྱིར་ལྷ་ཕོ་མོ་ཐམས་ཅད་ལ་གསང་སྔགས་དང་རིག་སྔགས་ཀྱི་སྒྲར་གསུངས་པས་ཐམས་ཅད་ཀྱང་ཐབས་ཤེས་རབ་གཉིས་མེད་ཀྱི་རྒྱུད་དུ་མཚོན་པར་བྱེད་དོ། །ཛྙཱ་ན་ཤྲཱིའི་མཐའ་གཉིས་སེལ་བ་ལས། དེ་ལ་ལྷ་ཕོ་ནི་གསང་སྔགས། མོ་ནི་རིགས་སྔགས།
༄༅། །སྔགས་གཅིག་ཉིད་ལྷ་ཕོ་མོ་གཉི་གའི་རིགས་སུ་འགྱུར་བ་ནི་གཟུངས་སྔགས་སོ། །ཡང་སྔགས་གཅིག་ཉིད་ལ་དེ་གསུམ་ཆར་ཚང་བ་དང་། ལྷ་གཅིག་ཉིད་ལ་སྔགས་དེ་གསུམ་ག་ཚང་བ་ཡང་ཡོད་ལ། རིགས་སྔགས་དང་གཟུང་སྔགས་གཉིས་ཀ་ལྷ་མོར་གཞག་པ་ཡང་ཡོད་པས་ཐམས་ཅད་དུ་ནི་གཅིག་ཏུ་མ་ངེས་སོ་ཞེས་གསུངས་སོ། །སྤྱོད་པའི་རྒྱུད་ཀྱི་རྣམ་གཞག་རྣམས་ལོགས་སུ་བཤད་པ་མི་སྣང་བས་ཕལ་ཆེར་བྱ་རྒྱུད་དང་མཐུན་པར་ཤེས་པར་བྱའོ། །