བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༡. བརྗོད་བྱ་རིགས་ཀྱི་སྒོ་ནས་དབྱེ་བ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༡.. བརྗོད་བྱ་རིགས་ཀྱི་སྒོ་ནས་དབྱེ་བ།)

སྤྱིར་རིགས་བསམ་གྱིས་མི་ཁྱབ་པ་ཡིད་ཀྱང་མདོར་བསྡུ་ན་བྱ་བ་སྤྱོད་པའི་རིགས་གསུམ་དུ་སྡུད། རྣལ་འབྱོར་གྱི་རྒྱུད་ལ་ལྔ། རྣལ་འབྱོར་བླ་ན་མེད་པ་རིགས་དྲུག་ཏུ་སྡུད་དེ།

23b

ངེས་བརྗོད་བླ་མར། རིགས་ནི་དུ་མར་བཤད་པ་རྣམས། །མདོར་བསྡུས་ནས་ནི་གསུམ་དང་ལྔ། །རྣལ་འབྱོར་རྣལ་འབྱོར་བླ་མ་ནི། །རིགས་དྲུག་ཏུ་ནི་གྲགས་པའོ། །ཞེས་སོ། ། དེ་ལ་ཐབས་རྒྱུད་ལས་གཙོ་ཆེར་རིགས་ལྔ་བཤད་ཀྱང་རྡོ་རྗེ་འཆང་གི་རིགས་ཀུན་ལ་ཁྱབ་པ་ལ་དགོངས་ཀྱི་རིགས་དྲུག་མི་འདོད་པ་མ་ཡིན་ཏེ། འདུས་པའི་རྒྱུད་ཕྱི་མར། རིགས་རྒྱལ་རྡོ་རྗེ་ཅན་རྣམས་ཀྱི། །འཁོར་ལོས་བསྒྱུར་བ་དྲུག་གི་རྒྱ་ཞེས་འཁོར་ལོས་བསྒྱུར་བ་དྲུག་བཤད་པའི་ཕྱིར་རོ། །དེ་ལ་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་ཐམས་ཅད་བསྡུས་པའི་ངོ་བོ་རྣམ་སྣང་མི་བསྐྱོད་པ། རིན་འབྱུང་། འོད་དཔག་མེད། དོན་གྲུབ་དང་ལྔ་དེ་ཐམས་ཅད་ཀྱི་ཁྱབ་བྱེད་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་དང་དྲུག་ཕ་རྒྱུད་དུ་བསྟན་ལ། དེ་ཉིད་དང་དོན་གཅིག་ཀྱང་ལྟ་བ་ཕྱིན་ཅི་ལོག་མུ་སྟེགས་བྱེད་ཀྱི་ལྟ་བ་ལ་ཞེན་ཅིང་། སྤྱོད་པ་ཕྱིན་ཅི་ལོག་སྲོག་གི་མཆོད་སྦྱིན་ལ་སོགས་པ་ལ་མཆོད་པ་གདུལ་བའི་ཕྱིར། མ་རྒྱུད་ཀྱི་ལྷ་རྣམས་རབ་ཏུ་ཁྲོས་པའི་ཚུལ་གྱིས་གདུལ་བྱ་དང་ཆ་ལུགས་དང་ཀུན་སྤྱོད་རྣམས་འཐུན་པར་སྟོན་པ་ནི་མ་རྒྱུད་དེ། ཕ་རྒྱུད་ལ་ཁྲོ་བོ་མེད་པ་ཡང་མ་ཡིན། མ་རྒྱུད་ལ་ཞི་བ་མེད་པ་ཡང་མ་ཡིན་མོད་ཀྱི་གཙོ་ཉེ་བར་བཟུང་ནས་བརྗོད་དོ། །འོན་ཀྱང་འདིའི་ཁྱད་པར་འོག་ཏུ་འཆད་པར་འགྱུར་རོ། །དེ་ལ་རྣམ་སྣང་ནི་རྟག་པ། མི་བསྐྱོད་པ་ནི་ཧེ་རུ་ཀ །རིན་ཆེན་འབྱུང་ལྡན་ནི་རྡོ་རྗེ་ཉི་མ། འོད་དཔག་མེད་ནི་གར་དབང་། དོན་གྲུབ་ནི་རྟ་མཆོག །དྲུག་པ་ནི་རྡོ་རྗེ་སེམས་དཔའ་

24a

༄༅།        །སྟེ། ངེས་བརྗོད་བླ་མར། ཡང་ན་རྡོ་རྗེ་སེམས་དཔའ་དང་། །རྣམ་སྣང་རྡོ་རྗེ་ཉི་མ་དང་། །པདྨ་གར་དབང་རྒྱལ་པོ་དང་། །དབང་ཕྱུག་རྟ་མཆོག་ཧེ་རུ་ཀ་ཞེས་གསུངས་སོ། །དེ་དག་སོ་སོའི་ཁྱད་པར་རྒྱས་པ་ཡང་སྤྱིའི་རྣམ་གཞག་ཏུ་ཤེས་པར་བྱའོ། །