(༢ ཞུ་བ་པོའི་ཁྱད་པར་གྱི་སྒོ་ནས་དབྱེ་བ།)
གཉིས་པ་ནི། དེ་ལྟར་དམན་པ་ལ་མོས་པ་རྣམས་དྲངས་བའི་དོན་དུ་ཐབས་དང་ཤེས་རབ་ཀྱི་རྒྱུད་སོ་སོར་
ཕྱེ་ནས་གསུངས་ཀྱི། ངེས་པའི་དོན་དུ་ཐམས་ཅད་ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ཡིན་ཏེ། རྣལ་འབྱོར་གྱི་གོ་དོན་ཐབས་ཤེས་རབ་གཉིས་སུ་མེད་པར་སྦྱོར་བ་ཡིན་ལ། དེ་ཕ་རྒྱུད་མ་རྒྱུད་གཉིས་ཀའི་བརྗོད་བྱ་ཡིན་པའི་ཕྱིར་ཏེ། འདུས་པ་ཕྱི་མ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཅེས་ནི་བཤད་པ་ཡིན། །གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ་ཞེས་བཤད་ཅིང་། ཀྱེའི་རྡོ་རྗེ་ལས་ཀྱང་། ཧེ་ཡིག་སྙིང་རྗེ་ཆེན་པོ་སྟེ། །བཛྲ་འང་ཤེས་རབ་བརྗོད་པར་བྱ། །ཟབ་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་བདག་གིས་བཤད་ཀྱིས་ཉོན། །ཞེས་གསུངས་ཞིང་། དྲི་མེད་འོད་ལས་ཀྱང་། རང་གི་ངོ་བོས་ནི་ཐམས་ཅད་ཀྱང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་རྣལ་འབྱོར་གྱི་རྒྱུད་ཉིད་ཀྱི་བརྗོད་པར་བྱ་བ་ཡོད་པའི་རྒྱུད་དེ་ནི་དོན་དམ་པར་ཤེས་རབ་ཀྱི་རྒྱུད་མ་ཡིན་ལ་ཐབས་ཀྱི་རྒྱུད་ཀྱང་མ་ཡིན་ནོ་ཞེས་གསུངས་སོ། །