(༤ གདུལ་བྱའི་གང་ཟག་གི་ཁྱད་པར།)
བཞི་པ་ནི། དེ་ལྟར་རྒྱུད་སྡེ་བཞིའི་ལྔ་ལ་སོགས་པར་གསུངས་པ་ཐམས་ཅད་བསྡུ་ན་ཕྱི་ནང་གཉིས་སུ་འདུས་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱི་ནང་དབྱེ་བ་ཤེས་པ་ཡིས། །རྒྱུད་ཀྱི་དབྱེ་བ་ཤེས་པར་བྱ། །ནང་དུ་བསྟན་པ་བླ་མ་ལས། །ཡང་དག་བླངས་ཏེ་བསྒྲུབ་པར་བྱ། །ཞེས་གསུངས་ཤིང་། ཕྱི་ནང་གི་ཁྱད་པར་ཡང་། དེ་ཉིད་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་དབྱེ་བའི་ཆོ་ག་དང་། །གཏོར་མ་
༄༅། །རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །དཀྱིལ་འཁོར་ཏིང་ངེ་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་བསྲེག་མཆོད་དང་ལས་སྦྱར་དང་། །སླར་ཡང་སྡུད་པའི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་རྣལ་འབྱོར་གྱི་རྒྱུད་ནས་གསུངས་པའི་དེ་ཉིད་བཅུ་ལ་ཕྱིའི་དེ་ཉིད་བཅུ་རུ་བཤད་པའི་རིགས་པས་རྣལ་འབྱོར་གྱི་རྒྱུད་མན་ཆད་ཕྱི་ཡིན་ལ། ཁྲོ་བོ་བཅུ་ལྟ་བུའི་བསྲུང་འཁོར་བསྒོམས་པས་ཕྱིར་བཟློག་པ་དང་། བྲིས་པའི་བསྲུང་འཁོར་གྱིས་ཕྱིར་བཟློག་པ་དང་། གསང་བའི་དབང་བསྐུར་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང་། ཁ་སྦྱོར་དབྱེ་བའི་ཆོ་གས་དགྲ་བསད་པ་དང་། གཏོར་མའི་ཆོ་ག་དང་། རྡོ་རྗེའི་བཟླས་པ་དང་། མ་གྲུབ་ན་སྤོགས་པའི་ཆོ་ག་དྲག་ཤུལ་ལམ་བཙན་ཐབས་ཀྱིས་སྒྲུབ་པ་དང་རབ་གནས་དང་དཀྱིལ་འཁོར་སྒྲུབ་པ་སྟེ། དེ་རྣམས་གསང་བའི་དེ་ཁོ་ན་ཉིད་བཅུར་བཤད་པའི་རིགས་པས་དེ་རྣམས་སྟོན་པའི་རྒྱུད་ནི་གསང་བའམ་ནང་ཡིན་པས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནི་སྔགས་ནང་ཡིན་ནོ། །སློབ་དཔོན་ཨ་བྷ་ཡས། རྡོ་རྗེ་འཆང་གི་ཕྱི་ནང་རྡོ་རྗེ་བཞིན། །རིམ་པར་རྒྱུད་པ་སྙིང་ལ་གཟུང་བར་མཛོད། །དཀྱིལ་འཁོར་ལ་སོགས་ཆོ་ག་ནི། །སྟོན་བས་རྒྱུད་སྡེ་གཉིས་སུ་སྤྲོས། །ཞེས་རྒྱུད་གཉིས་སུ་བསྡུས་ཤིང་། དེ་ཡང་བྱ་བ་དང་སྤྱོད་པའི་རྒྱུད་ནི་ཕྱི་རྣལ་འབྱོར་དང་རྣལ་འབྱོར་བླ་མེད་གཉིས་
ནང་དུ་བཞེད་པར་མངོན་ཏེ། ཕྱི་དང་གསང་བ་ཐེག་པ་གསུམ་ཞེས་པའི་འགྲེལ་པ་མན་སྙེར། དམ་པའི་ཆོས་ཕྱིའི་ནི་བྱ་བའི་རྒྱུད་ལ་སོགས་པའོ། །གསང་བ་ནི་རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་སྟེ་ཞེས་གསུངས་པའི་ཕྱིར་རོ། །འདི་ལ་བོད་ཀྱི་བླ་མ་དག །སྟོན་པ་དང་། འཁོར་དང་། གནས་དང་། མཆོད་རྫས་དང་། ལམ་དང་། དེ་ཁོ་ན་ཉིད་ཀྱི་ཁྱད་པར་ཏེ་དྲུག་ཏུ་བཞེད་དེ། རྒྱུད་རྣམས་ཀྱིས་ཁ་བསྐངས་ཏེ་ཅི་རིགས་པར་བླ་མས་རྒྱས་པར་བཤད་པར་བྱའོ། །