(༡. རྒྱུད་ཀྱི་དབྱེ་བ།)
རྩ་བའི་རྒྱུད། བརྟག་པའི་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ། བཤད་པའི་རྒྱུད། སྙིང་པོའི་རྒྱུད། འབྲས་བུའི་རྒྱུད། ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད་དང་བརྒྱད་དུ་དབྱེ་སྟེ། ཡེ་ཤེས་ཐིག་ལེ་ལས། ཇི་ལྟར་རྒྱུད་ཀྱི་རིམ་པས་བཞུགས། །དཔལ་དང་ལྡན་པའི་རིགས་ཆེན་རྒྱུད། །འབུམ་བདུན་གྱིས་ནི་མཚན་ཞེས་བྱ། །དེ་ནི་གཙོ་བོའི་རྩ་བའི་རྒྱུད། །སྐུ་བརྒྱད་བདག་ཉིད་རབ་ཀྱི་མཆོག །དེ་རྟག་ཀྱེའི་རྡོ་རྗེ་ནི། །འབུམ་ལྔ་ཡི་ནི་མཚན་ཞེས་བྱ། །དཔལ་ལྡན་ཕྱག་རྒྱ་ཆེན་ཐིག་ལེ། །དེ་ཡི་ཕྱི་མའི་རྒྱུད་དུ་དྲན། །ཡེ་ཤེས་སྙིང་པོར་གྲགས་པའི་རྒྱུད། །དེ་ཡི་ཕྱི་མའི་ཕྱི་མའོ། །དགའ་མོ་ཡེ་ཤེས་ཐིག་ལེའི་སྒྲ། །བཤད་པའི་རྒྱུད་ནི་གསང་བ་ཆེ། །གྲུབ་པའི་ངེས་བསྟན་ཐིག་ལེ་ནི། །ཞལ་བཟང་མོ་ནི་སྙིང་པོ་དང་། །དེ་ཁོ་ན་ཉིད་སྒྲོན་མའི་མཚན། །འབྲས་བུའི་རྒྱུད་གྲགས་འཆད་པར་འགྱུར། །
༄༅། །དེ་བཞིན་དུ་ནི་བདག་གིས་བཤད། །ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད། །ལྷ་མོ་བརྒྱད་པ་སྐུ་དང་བྲལ། །དེ་ཕྱིར་སྨྲ་བར་མི་བཏུབ་པོ། །དེ་ལྟར་རིམ་པ་ཐམས་ཅད་ནི། །ལྷ་མོ་དེ་ཉིད་ཤེས་པར་བྱ། །ས་བོན་ལས་ནི་མྱུ་གུ་བཞིན། །རྒྱུད་ཀུན་རིམ་ཤེས་རིམ་པས་སོ། །ཞེས་པས་ས་བོན་ལས་མྱུ་གུ་ནས་ལྟ་བུའི་བར་རིམ་པས་འབྱུང་བ་བཞིན་དུ། རྩ་བའི་རྒྱུད་ལས་རྒྱུད་གཞན་རྣམས་རིམ་པ་བཞིན་དུ་འབྱུང་བས་དོན་གྱི་རིམ་པས་བཞུགས་པ་ཡིན་ལ། རྒྱུད་ཀུན་རིམ་ཤེས་ཞེས་གསུངས་པའི་ཕྱིར། རྒྱུད་གཞན་ཐམས་ཅད་ལའང་མཚུངས་པར་འགྲེལ་པར་བཤད་དོ། །དེ་ལ་བརྟག་པའི་རྒྱུད་ཀྱིས་བསྡུས་པའི་རྒྱུད་མཚོན་ཏེ། དེའང་འབུམ་བདུན་པ་ལས་བཏུས་པ་ཡིན་པའི་ཕྱིར་རོ། །རྩ་བའི་རྒྱུད་ནི་མིང་གཅིག་ཀྱང་དོན་མི་གཅིག་པ་བཞིར་གནས་ཏེ། རྒྱུད་ཕྱི་མ་དང་། ཕྱི་མའི་ཕྱི་མ་ལ་སོགས་པ་འབྱུང་བའི་གཞིར་གྱུར་པ་རྒྱུད་ཕྱི་མ་ལ་ལྟོས་པའི་རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་ཀྱི་དགོངས་པ་དགྲོལ་བའི་གཞིར་གྱུར་པ་བཤད་རྒྱུད་ལ་ལྟོས་པའི་རྩ་བའི་རྒྱུད་དང་། ཐོག་མར་གདུལ་བྱ་སྐལ་ལྡན་རྣམས་ལ་དོན་གསལ་ལ་རྒྱས་པར་གསུངས་པ་བསྡུས་རྒྱུད་བསྡུ་བའི་གཞིར་གྱུར་པ་བསྡུས་རྒྱུད་ལ་ལྟོས་པའི་རྩ་རྒྱུད་དང་། རྒྱུད་དུ་མའི་རྟེན་ནམ་གཞིར་གྱུར་པ་ཡན་ལག་གི་རྒྱུད་ལ་ལྟོས་པའི་རྩ་རྒྱུད་དང་བཞི་ལས། དང་པོ་དེ་ཉིད་བསྡུས་པའི་རྩ་བའི་རྒྱུད་ལྟ་བུ། གཉིས་པ། གསང་བ་འདུས་པ་སྟོང་ཕྲག་བརྒྱ་
པ་ལྟ་བུ། གསུམ་པ་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ལྟ་བུ། བཞི་པ་དཔལ་འདུས་པ་ལྟ་བུའོ། །
གཉིས་པ་བསྡུས་རྒྱུད་ནི། རྒྱུད་རྒྱས་པ་ཆེན་པོ་ལས། རྩོད་པའི་དུས་ཀྱི་སེམས་ཅན་གྱི་དོན་དུ་ཉུང་ངུར་བསྡུས་ནས་བསྟན་ཏེ། གསང་འདུས་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་བསྡུས་པའི་སྟོང་བརྒྱད་བརྒྱ་པ་ལྟ་བུའོ། །རྒྱུད་ཕྱི་མ་དང་། ཕྱི་མའི་ཕྱི་མ་ལ་རྒྱུད་སྡེ་ཚན་མི་གཅིག་པ་སྔ་ཕྱི་ནི་དེ་ཉིད་བསྡུས་པའི་རྒྱུད་ནི་རྩ་རྒྱུད། གསང་འདུས་ནི་དེ་ལ་ལྟོས་པའི་ཕྱི་མ། བདེ་མཆོག་ནི་ཕྱི་མའི་ཕྱི་མར་བཤད་པ་ལྟ་བུའོ། །རྒྱུད་སྡེ་ཚན་གཅིག་ལ་ཐ་དད་ཀྱི་སྔ་ཕྱི་ནི། བདེ་མཆོག་གི་རྩ་རྒྱུད་ལེའུ་འབུམ་པ་ཕྱི་མའི་ཕྱི་མ་བདུན་བརྒྱ་པ་ལྟ་བུའོ། །རྒྱུད་གཅིག་ཉིད་ཀྱི་སྔ་ཕྱི་ལ་སྔར་གྱི་འཕྲོ་འཆད་པའི་ཕྱི་མ་སྦྱོང་རྒྱུད་བརྟག་པ་གཉིས་པ་ལྟ་བུ་དང་། དངོས་གྲུབ་སྟོན་པའི་ཕྱི་མ་དེ་ཉིད་བསྡུས་པའི་ཕྱི་མ་དང་། ཕྱི་མའི་ཕྱི་མ་ལྟ་བུ། སྙིང་པོའི་དོན་སྟོན་པའི་ཕྱི་མ་དུས་འཁོར་བསྡུས་རྒྱུད་ཀྱི་ཕྱི་མ་ལྟ་བུ། མ་ཚང་བ་ཁ་སྐོང་བའི་ཕྱི་མ་བརྟག་གཉིས་བརྟག་པ་ཕྱི་མ་ལྟ་བུ། ཐེ་ཚོམ་གཅོད་པའི་ཕྱི་མ་སམྦུ་ཊའི་རྒྱུད་ཕྱི་མ་ལྟ་བུའོ། །ལྔ་པ་བཤད་པའི་རྒྱུད་ནི་བླ་མ་དག །བཤད་རྒྱུད་དུ་འགྲོ་བ་ལ་མི་གསལ་བ་གསལ་བར་བྱེད་པ། མ་ཚང་བ་ཁ་བསྐང་བ། ཚུལ་མི་འདྲ་བ། དོན་བསྡུ་བ། ཆ་མཐུན་པ། ངེས་ཤེས་བསྐྱེད་པ། ཚིག་དང་དོན་རྣམ་པར་འབྱེད་པ་སྟེ་བདུན་གྱི་སྒོ་ནས་བཤད་རྒྱུད་དུ་འགྱུར་བར་བཞེད་དོ། །དེ་ལ་མི་ཐུབ་ཟླ་བས། མཁའ་འགྲོ་འབྱུང་བ་ཀུན་སྤྱོད་དང་། །
༄༅། །དེ་བཞིན་མཚན་མཆོག་བླ་མའི་རྒྱུད། །ཁ་སྦྱོར་རྒྱུད་དང་བཞི་པོ་ནི། །བཤད་པའི་རྒྱུད་དུ་ཤེས་པར་བྱ་ཞེས་གསུངས་ཤིང་། ཇོ་བོ་རྗེས་ཀྱང་བཤད་རྒྱུད་བཞི་རུ་བཞེད་ལ་ནཱ་རོ་པས་ཧེ་རུ་ཀ་མངོན་འབྱུང་དང་ལྔར་བཞེད། དེའི་སློབ་མ་དཱ་རི་པ་ཞེས་པས་མཁའ་འགྲོ་རྒྱ་མཚོ་དང་། རྣལ་འབྱོར་མ་བཞི་ཁ་སྦྱོར་བ་གཉིས་བསྣན་ནས་བདུན་དུ་བཞེད་དོ། །ཞེས་གྲགས་ལ། སྡོམ་འབྱུང་འགྲེལ་པར་བསྡུས་རྒྱུད་ཀྱང་ཡིན། རྒྱུད་ཕྱི་མ་ཡང་ཡིན། བཤད་པའི་རྒྱུད་ཀྱང་ཡིན་པར་བཤད་ལ་ཕག་མོ་དངོས་གྲུབ་འབྱུང་བ་ནི་རྒྱུད་ཉིད་ལས་བཤད་རྒྱུད་དུ་བཤད་དེ། དེ་ལྟར་དགུར་འགྱུར་རོ། །དེ་ལ་རྩ་རྒྱུད་དུ་ཕྱག་བཞི་པ་དང་ཞལ་བཞི་པ། ཇི་སྲིད་ཕྱག་ནི་འབུམ་གྱི་བར་ཞེས་བསྐྱེད་རིམས་ཕྱོགས་མཚོན་ཙམ་གསུངས་པ་ལ། མངོན་བརྗོད་བླ་མ་ནས་དངོས་སུ་དཀྱིལ་འཁོར་སུམ་ཅུ་སོ་བརྒྱད། དེ་ལ་གཙོ་བོ་འཕོ་བ་དང་ཡབ་སྦས་པ། ཡུམ་སྦས་པ། རིགས་བསྡུས་པ་སོགས་ཀྱི་དབྱེ་བས་ཕྱེ་ན། དཀྱིལ་འཁོར་དྲུག་བརྒྱ་དང་བརྒྱད་ཅུ་རྩ་གཅིག་གིས་བསྐྱེད་རིམ་མི་གསལ་བ་གསལ་བར་བྱས་ཤིང་། སྤྱིར་ལེའུ་དགུས་རྒྱུད་ཀྱི་དོན་ཕལ་ཆེར་གཏན་ལ་ཕབ་པོ། །རྩ་རྒྱུད་དུ། ལས་ཆེན་བཅུ་གཉིས་འདི་དག་ནི། རྟག་ཏུ་སྒྲུབ་པ་པོ་ཡིས་སྒྲུབ་ཅེས་ལས་ཚོགས་ཀྱི་རྐང་གྲངས་ཙམ་ལས་ཚང་བར་མ་གསུངས་པ་ལ། རྡོ་རྗེ་མཁའ་འགྲོས། རྫས་དང་སྔགས་དང་ཏིང་འཛིན་དང་། འཁྲུལ་འཁོར་གྱི་སྒོ་ནས་ལས་ཚོགས་རྒྱས་པར་བསྟན་པས་
མ་ཚང་བ་ཁ་བསྐང་ངོ་། །མཁའ་འགྲོ་རྒྱ་མཚོས་རྩ་བའི་ལྷ་སོ་བདུན་ནམ་དྲུག་ཅུ་རེ་གཉིས་ལ་ཕལ་ཆེར་ལ་རེ་རེས་གཙོ་བོ་བྱས་པའི་དཀྱིལ་འཁོར་དང་། དེ་ལའང་སྐུ་མདོག་ཕྱག་མཚན་སྔགས་ལ་སོགས་པ་ཚུལ་མི་འདྲ་བ་སྟེ། དཔེར་ན། ལེའུ་བཅུ་པར་ཕག་མོ་ཞལ་སུམ་ཅུ་སོ་བདུན། ཕྱག་བདུན་ཅུ་དོན་གཉིས། ཞབས་བཅོ་བརྒྱད་པའི་ཆོ་ག་སྟོན་པ་དང་། ལེའུ་བཅོ་ལྔ་པར་ཧེ་རུ་ཀ་ཞལ་བཅུ་བདུན། ཕྱག་བདུན་ཅུ་རྩ་དྲུག་པས་གཙོ་བྱས་པའི་དཀྱིལ་འཁོར་རྩ་བའི་ལྷ་ལྔ་བརྒྱ་བཞི། འགྲོན་ཐབས་བསྐལ་བཟང་སྟོང་དང་བཅས་པའི་དཀྱིལ་འཁོར་སྒོ་བཞི་སྦྲག་སྟོན་པ་ལྟ་བུ་སྟེ། དེའི་ལེའུ་ཞེ་དགུ་ཡན་ཆད་རྡོ་རྗེ་འཆང་གིས་གསུངས་ནས། ལེའུ་ལྔ་བཅུ་པ་ཕག་མོས་གསུངས་པ་ལ། དཔའ་བོ་ཉེར་ལྔ་རེ་རེས་གཙོ་བྱས་པའི་དཀྱིལ་འཁོར་སྟོན་པའི་རབ་བྱེད་ཉི་ཤུ་རྩ་ལྔ་དེའི་རབ་བྱེད་བཞི་པར་མཁའ་འགྲོ་རྒྱ་མཚོ་ཞལ་སོ་བདུན། ཕྱག་སྟོང་ཞབས་བཅོ་བརྒྱད་པའི་དཀྱིལ་འཁོར་བསྟན་པ་ལྟ་བུ་སྟེ། དེ་ལྟར་ཚུལ་མི་འདྲ་བར་ཕྱོགས་གཅིག་ལ་ཞེན་པ་སྤོང་བའི་ཚུལ་གྱིས་བཤད་ཅིང་། དེ་ལྟར་རྒྱུད་ལེའུ་ང་གཅིག །དཀྱིལ་འཁོར་བརྒྱ་དང་བཅུ་བཞིས་སྤྱིར་ཐམས་ཅད་ཀྱི་ལས་ཚོགས། ཁྱད་པར་བདེ་མཆོག་གི་ལས་ཚོགས་རྒྱས་པར་བཤད་དེ། ཇི་སྐད་དུ། རྒྱུད་ཐམས་ཅད་ཀྱི་ལས་ཚོགས་ཀྱི་སྒྲུབ་པའི་ཐབས་ནི་མི་འཚལ་ཏོ་ཞེས་ཞུས་པས། རྡོ་རྗེ་མཁའ་འགྲོ་སྡོམ་པ་དང་། །གཞན་ཡང་རྣལ་འབྱོར་རྒྱུད་རྣམས་ནི། །འདུས་པ་ལ་སོགས་དོན་ཆེན་པོ། །དེ་རྣམས་ཀྱིས་ནི་རྒྱུད་འདི་ཡི། །
༄༅། །སྣ་ཚོགས་དོན་ནི་མངོན་སྤྱོད་པ། །དེ་ཐམས་ཅད་ཀྱི་ལས་ཀྱི་ཚོགས། །ལྡན་པར་རབ་ཏུ་གསལ་བར་བྱེད་ཅེས་སྤྱིར་རྒྱུད་མང་པོའི་ལས་ཚོགས་གསལ་བྱེད་དང་། མཁའ་འགྲོ་དང་ནི་སྡོམ་རྒྱུད་དང་། །ངེས་པར་བརྗོད་པ་ཕྱི་མ་དང་། །ཀུན་སྤྱོད་འབྱུང་བའི་རྒྱུད་རྣམས་སུ། །དང་པོའི་ལས་ནི་རབ་ཏུ་བསྟན། །དེ་ཡིས་རྒྱུད་ནི་ཆེན་པོ་འདི། །ཐུབ་པ་སྐྱེས་བུ་མཆོག་གིས་བསྟན། །དུམ་བུ་དུམ་བུར་ཡོངས་གནས་པའི། །ལས་ཆེན་པོ་ནི་དེ་འདྲར་བྱ་ཞེས་ཁྱད་པར་བདེ་མཆོག་གི་རྒྱུད་ཐམས་ཅད་ཀྱི་ལས་ཚོགས་གསལ་བྱེད་དུ་བཤད་པའི་ཕྱིར་རོ། །རྩ་རྒྱུད་དུ། དེ་ལྟར་དེ་ཉིད་བཅུ་བཞི་ནི། །མདོར་བསྡུས་ནས་ནི་བཤད་པ་ཡིན། །ཞེས་པའི་དེ་ཉིད་བཅུ་བཞིའི་ཉམས་ལེན་བསྡུས་ནས་སྟོན་པ་ཀུན་ཏུ་སྤྱོད་པའི་རྒྱུད་ནི་དོན་བསྡུས་པ་སྟེ། འདི་ལ་བླ་མ་དག་ཀུན་སྤྱོད་ཀྱི་རྒྱུད་ལ་ཤོ་ལོག་འབུམ་ཕྲག་གཅིག །རྟོག་པ་དྲུག་ཅུ་རྩ་བཞི་བཞུགས་པ་ལ། རྟོག་པ་རེ་རེ་ལའང་ལེའུ་བཅུ་བདུན་བཅུ་བདུན་ཡོད་པའི་ཉེར་གཅིག་པ་ལ་རིག་པ་འཛིན་པའི་རྟོག་པའི་རྗེས་སུ་ཉེར་ལྔ་པ་འཁོར་ལོ་འབྱུང་བ་ཞེས་བྱ་བའི་རྟོག་པ་འདི་ཡིན་གསུང་ངོ་། ། སམྦུཊའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར། རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་རྡོ་རྗེའི་མཁའ་འགྲོའི་དཀྱིལ་འཁོར་སོགས་ཀྱིས་ཆ་མཐུན་པའི་ངེས་ཤེས་སྐྱེད་པར་བྱེད་དོ། །ཚིག་རྣམ་པར་འབྱེད་པ་ནི། སམྦུ་ཊའི་དྲུག་པའི་དང་པོས། གླེང་གཞིའི་ཡི་གེ་རེ་རེའི་དོན་ནང་ལུས་ཀྱི་ཁམས་ལ་སྦས་དོན་དུ་བཤད་ཅིང་། མཁའ་འགྲོ་རྒྱ་མཚོས་ཀྱང་དེ་དང་
མཐུན་ལ། རྡོ་རྗེ་མཁའ་འགྲོའི་ལེའུ་ཞེ་གཉིས་པས་གླེང་གཞིའི་ཚིག་ཡི་གེ་རེ་རེའི་སྦྱོར་བས་སྦས་དོན་དུ་བཅུད་ལེན་གྱི་སྦྱོར་བ་བཤད། ཡང་ལེའུ་དེ་ཉིད་ཀྱིས་གླེང་གཞི་ལ་སོགས་པའི་ཚིག་རྣམས་སྦས་པ་དང་། མཐར་ཐུག་ཏུ་རྒྱས་པར་གཏན་ལ་ཕབ། སམྦུ་ཊའི་དྲུག་པ་དངོས་ཀྱིས་གླེང་གཞི་སྦས་དོན་དང་མཐར་ཐུག་ཏུ་བཤད། སམྦུ་ཊའི་རྒྱུད་ཕྱི་མས་གླེང་གཞིའི་ཡི་གེའི་དོན་དང་མཐར་ཐུག་གི་དོན་དུ་བཤད། མཁའ་འགྲོ་རྒྱ་མཚོའི་ལེའུ་དང་པོས་གླེང་གཞིའི་སྤྱི་དང་སྦས་པ་དང་མཐར་ཐུག་ཏུ་བཤད་པ་སོགས་རྩ་བའི་རྒྱུད་ཀྱི་ཡི་གེ་རེ་རེ་དང་ཚིག་རེ་རེ་ནས་གཏན་ལ་ཕབ་པ་རྣམས་སོ། །དོན་རྣམ་པར་འབྱེད་པ་ནི། སྐྱེད་རིམ་གྱི་དོན་སྐྱེ་གནས་བཞི་སྦྱོང་བའི་སྒོ་ནས་བསྐྱེད་ཆོག་མི་འདྲ་བ་མངོན་བརྗོད་བླ་མས་གཏན་ལ་ཕབ་ཅིང་། རྫོགས་རིམ་དམ་ཚིག་གི་ཕྱག་རྒྱའམ་ལས་ཀྱི་ཕྱག་རྒྱ་སྡོམ་འབྱུང་དང་། རྡོ་རྗེ་མཁའ་འགྲོས་བསྟན། ཆོས་ཀྱི་ཕྱག་རྒྱ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་གསུམ་བཅོ་ལྔ་པ་སོགས་དང་། སམྦུ་ཊའི་བརྟག་པ་དྲུག་གི་རབ་བྱེད་བཞིས་གཏུམ་མོ་དང་དཔྱིད་ཐིག་བསྟན། ཕྱག་རྒྱ་ཆེན་མོ་ནི་སྡོམ་བྱུང་དང་སམྦུ་ཊའི་དེ་ཁོ་ན་ཉིད་སྒོམ་པའི་ལེའུས་གཏན་ལ་ཕབ་སྟེ་གསལ་བར་བྱས་སོ། །དེ་བཞིན་དུ་ཧེ་རུ་ཀ་མངོན་འབྱུང་གིས་ཕག་མོའི་རྩ་སྔགས་བཏུ་བ་དང་། དེ་དང་སྙིང་པོ་དང་ཉེ་སྙིང་སོགས་ཡུམ་ལ་བརྟེན་པའི་ལས་ཚོགས་རྣམས་དང་། ལྷ་དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་རྣམས་མ་ཚང་བ་ཁ་བསྐང་ཞིང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྒྱས་པར་བཤད་དེ།
༄༅། །ལེའུ་ཞེ་ལྔ། དཀྱིལ་འཁོར་གསུམ་ཡོད་དོ། །སྡོམ་བྱུང་རྒྱུད་ལེའུ་སོ་གསུམ། དཀྱིལ་འཁོར་གཅིག་ཡོད་དེ། གཙོ་ཆེར་མ་ཚང་བ་ཁ་སྐང་བའི་བཤད་རྒྱུད་ཡིན་ནོ། །རྣལ་འབྱོར་མ་བཞི་ཁ་སྦྱོར་བའི་རྒྱུད་ནི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་བདུན་དུ་བསྡུས་པ་དེའི་སྒྲུབ་ཐབས་དང་དཀྱིལ་འཁོར་སྟོན་པ་སྟེ། རྩ་རྒྱུད་ལེའུ་བཅུ་བདུན་པའི་སྒོས་ཀྱི་བཤད་རྒྱུད་ཡིན་ལ། དེ་ལ་ལེའུ་བདུན། དཀྱིལ་འཁོར་གཅིག་ཡོད་དོ། །ཕག་མོ་དངོས་གྲུབ་འབྱུང་བ་ནི་ཕག་མོ་ཞལ་བཞི་ཕྱག་བཅུ་གཉིས་མས་གཙོ་བྱས་པའི་ལྷ་སུམ་ཅུ་སོ་བདུན་པོ་ཐམས་ཅད་ཕྱེད་གཟུགས་སུ་བྱས་པ་གཅིག་སྟོན་ཏེ། འདི་མངོན་སྤྱོད་བླ་མའི་ལེའུ་བཅུ་གཉིས་པ་དང་འདྲ་བར་སྣང་ངོ་། །དྲུག་པ་སྙིང་པོའི་རྒྱུད་ནི་ཟབ་དོན་གྱི་སྙིང་པོ་བསྡུས་ནས་སྟོན་པ། དགྱེས་རྡོར་གྱི་གྲུབ་པ་ངེས་བསྟན་ནམ། བདེ་མཆོག་གི་ཀུན་སྤྱོད་ལྟ་བུའོ། །བདུན་པ་འབྲས་བུའི་རྒྱུད་ནི། སྙིང་པོ་དེའི་ཡང་སྙིང་པོའམ་འབྲས་བུར་གྱུར་པ་དེ་ཁོ་ན་ཉིད་སྒྲོན་མ་ལྟ་བུའོ། །བརྒྱད་པ་ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད་ནི་སྔར་གྱི་རྒྱུད་རྣམས་ཀྱི་དོན་ཟབ་མོ་བསྒོམས་པས་སོ་སོ་རང་གིས་ཉམས་སུ་མྱོང་བ་ལ་འཆད་པར་གསལ་ཏེ། འོན་ཀྱང་འགྲེལ་པར་གསལ་བར་བཀྲལ་བ་ནི་མི་སྣང་ངོ་། །