བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
གཉིས་པ། དེ་རྒྱ་གར་དུ་བྱུང་ཚུལ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(གཉིས་པ། དེ་རྒྱ་གར་དུ་བྱུང་ཚུལ།)

གཉིས་པ་ནི། ཡེ་ཤེས་ཐིག་ལེའི་རྒྱུད་ལས་ལུང་བསྟན་པ་བཞིན་རྒྱལ་པོ་ཨིནྡྲ་བྷུ་ཏི་བྱུང་། རྒྱུད་དེ་ལས་ཕྱག་རྡོར་གྱི་སྤྲུལ་པ་ས་བཅུའི་དབང་ཕྱུག་ཏུ་བཤད་ལ། དེ་ལ། གསང་འདུས་པ་རྣམས་སངས་རྒྱས་ཀྱིས་དངོས་སུ་དབང་བསྐུར་བར་འཆད་ལ། ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པར། དྲང་སྲོང་འགྲོ་བ་དབུགས་འབྱིན་ནས་གཟུང་སྟེ། རྣལ་འབྱོར་པ་ཐུགས་ཀྱི་རྡོ་རྗེའི་བར་དུ་བརྒྱུད་པའི་མན་ངག་རྣམས་ལྕམ་དཔལ་མོས་རྒྱལ་པོ་དེ་ལ་བསྟན་པས་རྒྱལ་པོ་རབ་ཏུ་བྱུང་། གྲུབ་པ་བརྙེས་པའི་དུས་སུ་ལ་བ་པ་ཞེས་གྲགས་པར་བཤད་ལ། བསམ་མི་ཁྱབ་ནས། རྟ་མཆོག་བཱི་ན་བ་དང་། ཨིནྡྲ་བྷུ་ཏི། ལཀྵྨི་བཅས་ཞེས་བཱི་ན་བའི་སློབ་མར་འཆད་དེ། དེས་བསྐྱངས་པའི་ཡུལ་ཨུ་རྒྱན་དུ་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་བྱུང་། དེ་རྣམས་ཀྱིས་གསང་སྔགས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་མང་པོ་སྐལ་བ་དང་ལྡན་པའི་གང་ཟག་རྣམས་ལ་གནང་བས་ཡུལ་དབུས་ལ་སོགས་པར་འཕེལ་བ་ཡིན་ལ། རྒྱུད་སྡེ་མང་པོའི་མཇུག་ནས་ཀྱང་ཨུ་རྒྱན་གྱི་ཡུལ་ནས་བྱུང་བ་ཞེས་འབྱུང་བས་སོ། །རྒྱུད་འདི་པའི་བཤད་སྲོལ་གྱིས། ཧེ་རུ་ཀའམ་ཡེ་ཤེས་མཁའ་འགྲོ་མ་ལ་དངོས་སུ་ཆོས་ཐོས་ནས་བརྒྱུད་པ་དེ་ཉིད་ལས་འདེད་པས་ཆོག་པ་ཉེ་བརྒྱུད་དང་། གོང་མ་

47a

༄༅།        །རྣམས་འདེད་པ་རིང་རྒྱུད་དང་གཉིས་ལས། རིང་རྒྱུད་དུ་བྱེད་ན། ཕྱག་ན་རྡོ་རྗེས་བྲམ་ཟེ་ཆེན་པོ་ས་ར་ཧ་ལ། དེས་ཀླུ་སྒྲུབ་ལ། དེ་གཉིས་ཀྱི་རྣམ་ཐར་གསང་འདུས་ཀྱི་ཆོས་འབྱུང་ལྟར་ཤེས་པར་བྱའོ། །སློབ་དཔོན་ཀླུ་སྒྲུབ་བྷང་ག་ལའི་གྲྀམ་པའི་དགོན་པ་ན་བཞུགས་པའི་ཚེ། གྲོང་ཁྱེར་ཏེ་ཏེ་ན་གར་མཁན་བཟའ་མི་ལོ་ཀི་དང་། གུ་ན་གཉིས་ཀྱི་བུ་ཚ་རིགས་ངན་གླུ་གར་གྱིས་འཚོ་བའི་མིང་སྲིང་གསུམ་ཡོད་པ་དེ་སློབ་དཔོན་ལ་གླུ་གར་ཕུལ་ནས་སློང་དུ་ཕྱིན་པས། རིགས་ངན་ལ་རྣམ་རྟོག་མ་མཛད་པར་ནང་དུ་བོས་ཁ་ཟས་མང་པོ་བྱིན་པ་དང་། དད་པ་རྙེད་ཅིང་དེར་བྱང་སེམས་བློ་གྲོས་རིན་ཆེན་གྱི་སྐུ་འདྲ་རས་བྲིས་མཐོང་ནས་འདི་ཅི་ལགས་ཞུས་པས་འདི་བྱང་སེམས་ལྷའི་བུ་ཐ་མལ་པས་མི་མཐོང་བ་ཅིག་ཡིན་གསུང་། བདག་ཅག་ལ་བསྟན་པར་ཞུ་བྱས་པས་ངའི་སྤྱི་གཙུག་ན་ཡོད་ཀྱིས་ལྟོས་གསུང་། དེ་མཐོང་བའི་མངོན་ཤེས་ཀྱི་སྤྱན་ཅིག་ཞུ་འཚལ་ཞུས་པས། དེར་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་རྒྱུད་བཤད་གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་གནང་ནས་ཉམས་སུ་ལོངས་ཤིག་ཅེས་བཀའ་སྩལ་ཏོ། །དེ་དག་གིས་ཀྱང་ནན་ཏན་གྱིས་ཉམས་སུ་བླངས་པས་རྒྱུད་དག་ནས་བྱང་ཆུབ་སེམས་དཔའི་ཞལ་མཐོང་ངོ་། །དེར་གར་གྱི་མཆོད་པ་ཕུལ་བྲམ་ཟེ་ཆེན་པོའི་དོ་ཧ་གླུ་རུ་བླངས་ནས་མཆོད་པ་ཕུལ་བས་བྱང་སེམས་ཀྱི་ཞལ་ནས་ཁྱེད་ཀྱི་དེའི་དོན་ཤེས་སམ་གསུང་།

47b

མི་ཤེས་པས་ཞུ་འཚལ་ཞུས་པས་དེར་རྒྱུད་བྱིན་གྱིས་བརླབས་ཏེ་དོ་ཧའི་དོན་སྙིང་པོ་དོན་གྱི་དགོངས་པ་བསྟན་པས། དེ་ཉིད་དུ་དེ་ཁོ་ན་ཉིད་ཀྱི་རྟོགས་པ་ཐོབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ལུང་བསྟན་པ། རིགས་ཀྱི་བུ་ཁྱོད་ལྷོ་ཕྱོགས་ལྡོང་ངར་གྱི་སྟོན་པ། ཤ་བ་རི་དབང་ཕྱུག་བྱ་བ་ཡིན་པས། འདིར་མ་སྡོད་པར་རྔོན་པའི་ཆས་སུ་ཞུགས་ལ་ལྷོ་ཕྱོགས་དཔལ་གྱི་རི་སེམས་ངལ་བསོ་བའི་རི་ཡིད་འཕམ་པར་བྱེད་པའི་རི་ལ་སོང་ལ། དབང་པོ་ཡང་རབ་ཀྱི་དོན་གྱིས་ཤིག་ཅེས་ལུང་བསྟན་ནས། དེར་མིང་སྲིང་རྣམས་ཀྱིས་རྔོན་པའི་ཆས་སུ་ཞུགས་ནས་དཔལ་གྱི་རི་ལ་བྱོན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཏེ་དིང་སང་གི་བར་དུ་འང་བཞུགས་ཞེས་གྲག་གོ། །དེས་ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས། རྣལ་འབྱོར་མ་མཆོད་པའི་ཆོ་ག །བྱིན་བརླབས་ཀྱི་ཆོ་ག་མདོར་བསྡུས། སློབ་མ་རྗེས་གཟུང་གི་ཆོ་ག །ཚོགས་ཀྱི་འཁོར་ལོའི་ཆོ་ག་ལ་སོགས་པ་མཛད་དོ། །ཁ་ཅིག །ས་ར་ཧ་དང་། རི་ཁྲོད་དབང་ཕྱུག་གཅིག་ཏུ་འདོད་པ་ནི་མི་འཐད་དེ། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་པའི་གླུ་བསྡུས་པ་ལས་ཀྱང་། ཀྱེ་ཧོ་གྲོགས་དག་ལྷན་ཅིག་སྐྱེས་པ་དེས། །གཞན་ནས་མི་རྙེད་བླ་མའི་ཞལ་ནས་རྙེད། །དོན་དམ་ཞལ་གྱི་ངོ་བོ་དེ་རྟོགས་ན། །ཡིད་ལ་འཆི་བ་མེད་ཅིང་ལུས་ལ་འཆད་པ་མེད་ཅེས་གསུངས་ཤིང་། ཤ་བ་རི་པས། མ་རིག་མུན་པའི་ནགས་ཚལ་དུ། །གཟུང་འཛིན་

48a

༄༅།        །གཉིས་ཀྱི་རི་དྭགས་རྒྱུ། །ཐབས་ཤེས་གཉིས་ཀྱི་གཞུ་བརྡུངས་ནས། །སྙིང་པོ་དོན་གྱི་མདའ་གཅིག་འཕངས། །འཆི་ནི་རྣམ་པར་རྟོག་པ་འཆི། །ཤ་ནི་གཉིས་སུ་མེད་པར་ཟོས། །རོ་ནི་བདེ་བ་ཆེན་པོར་མྱོང་། །འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ། །ཞེས་གླུ་སོ་སོར་བཤད་ཅིང་། རྡོ་རྗེ་གདན་པས་ཀྱང་། བྲམ་ཟེའི་རིགས་ལ་གར་མཁན་ལུས། །དཔལ་གྱི་རི་ལ་དངོས་གྲུབ་བརྙེས། །ས་ར་ཧ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །གར་མཁན་དཔལ་གྱི་རི་ལ་བཞུགས། །ལྕམ་སྲིང་གཉིས་ཀྱིས་དངོས་གྲུབ་བརྙེས། །ཤ་བ་རི་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་སོ་སོར་བྱས་པས་སོ། །ལོ་ཧི་པ་ནི། ཨུ་རྒྱན་གྱི་ཡུལ་དུ། ཡབ་ཡིག་མཁན་གྱི་རྒྱལ་པོ་ཟླ་བ་རོལ་པ་ཡུམ་ཟླ་བའི་དཔལ་ཞེས་བྱ་བའི་སྲས་སུ་འཁྲུངས་ཏེ། ཀུན་དུ་དགེ་བར་མིང་བཏགས། ཆེར་སྐྱེས་པ་དང་ཡིག་རྩིས་དང་སྒྱུ་རྩལ་གྱི་གནས་ལ་སོགས་པའི་རིག་པ་དུ་མ་ལ་བསླབས་སོ། །དེའི་ཚེ་དཔལ་རི་ཁྲོད་དབང་ཕྱུག་དང་ཞལ་མཇལ་ནས། བསྙེན་བཀུར་དང་མཆོད་པ་དང་གུས་པའི་སྤྱོད་ལམ་གྱིས་མཉེས་པར་བྱས་ནས་རྗེས་སུ་གཟུང་བར་ཞུ་ཞེས་ཞུས་པས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་རྒྱུད་བཤད་གདམས་པ་དང་རྗེས་སུ་གདམས་པ་གནང་སྟེ། སྒྲུབ་པ་ལ་བརྩོན་པར་མཛད་ཅིང་བཞུགས་པའི་ཚེ། ཨུ་རྒྱན་པའི་ཡུལ་ཆོས་ཀྱིས་ཚེས་བཅུ་རྣམ་པ་གཉིས་དུར་ཁྲོད་དུ་མཆོད་པ་ལ་འགྲོ་བས། དེའི་ཚེ་ཁོང་

48b

ཚོའི་རྗེས་ན་ཕར་སློབ་དཔོན་གྱིས་ཀྱང་བྱོན་པས། གཞན་ཚོ་གྱེས་ཚར་བའི་རྗེས་སུ་ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཐ་མལ་པའི་ཆ་བྱད་བཟུང་ནས་ཚོགས་པའི་དབུས་ན་སྐྱེ་བདུན་གྱི་རོ་གཅིག་བཞག་སྟེ་སྒེག་ཅིང་རོལ་བའི་ཆ་བྱད་དུ་འདུག་པ་ལ་ཕྱག་དང་མཆོད་པ་བྱས་པས་མཉེས་ཏེ། དེ་རྣམས་ཀྱི་ཞལ་ནས་དམ་ཚིག་གི་རྫས་དེ་ལ་མཆོད་ལ། ངེད་རྣམས་ལ་དྲོངས་ཟེར་ནས་དྲངས། ཁ་ན་མ་ཐོ་བ་མེད་པར་ཉོན་མོངས་པ་དང་མ་འདྲེས་པའི་ཟས་ཡིན་པས་ཁྱེད་རང་ཡང་ཁམ་གཅིག་ཟོ་གསུང་ནས་ཚམ་ཚོམ་མེད་པར་ཟོས་པས་དེ་རྣམས་ཤིན་ཏུ་མཉེས་ནས་མི་སྣང་བར་གྱུར་པའི་རྗེས་སུ་ནམ་མཁར་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རྫོགས་པར་གྱུར་ནས་དེར་སློབ་དཔོན་བཅུ་གཅིག་དབང་རྫོགས་པར་བསྐུར་རང་བྱིན་གྱིས་བརླབས་པའི་ཉམས་མྱོང་གི་བདེ་བའི་མཚོན་བྱེད་དཔེའི་ཡེ་ཤེས་བསྐྱེད་ནས་དེ་ཉིད་བརྟན་ཞིང་བོགས་དབྱུང་བའི་ཕྱིར་གདམས་པ་དང་རྗེས་སུ་གདམས་པ་ཕོག་ནས་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་མཚོན་བྱ་དོན་གྱི་ཡེ་ཤེས་མྱུར་དུ་རྟོགས་པའི་ཕྱིར་བསྐུལ་བའི་ཚིག །རྐང་པ་བརྐྱངས་པ་སྤངས་ནས་ནི། །འཁོར་བའི་མངག་གཞུག་དོར་ནས་སུ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་བསྐུལ་བར་བྱ་ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེའི་དོན་བསམ་པས། སྒྲུབ་པ་ལ་རྩེ་གཅིག་ཏུ་འབད་དགོས་པར་དགོངས་ནས་འཚོ་བ་གང་ལ་བརྟེན་སྙམ་པས། བསོད་སྙོམས་ལ་སོགས་པ་ཆགས་སྡང་སྐྱེ་ཞིང་། ཤིང་ཐོག་ལ་སོགས་དགུན་དཀོན། ལག་གི་གླ་ལ་སོགས་པ་ནི་སྒྲུབ་པའི་བར་

49a

༄༅།        །ཆད་དུ་འགྲོ་བར་དགོངས་ནས། རིམ་གྱིས་ལྗོངས་དང་དབེན་གནས་ཀུན་རྒྱུ་ཞིང་བྱོན་པས་མཐར་རྒྱ་གར་ཤར་ཕྱོགས་བྷང་ག་ལ་རུ་བྱོན་ནས། དེ་དང་ཉེ་བ་ཆུ་བོ་གང་གའི་འགྲམ་ན། ཉ་པ་མང་པོས་ཉ་བསད་ནས་ཏིལ་ཏོའི་ཕུང་པོ་ཆེན་པོ་སྤུངས་ནས་དེ་ལ་བྱ་དང་ཁྱིས་ཟ་ཞིང་འདུག་པ་མཐོང་ནས་བདག་པོ་མེད་ཅིང་རྩོལ་བ་ཆུང་བར་གཟིགས་ནས་དེའི་ཕྱོགས་གཅིག་ཏུ་བཞུགས་ནས་འཚོ་བ་ཉ་རྒྱུས་མཛད་ཅིང་སྒྲུབ་པ་རྩེ་གཅིག་ཏུ་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ནས་གསོལ་ཟས་ལ་མཚན་དུ་བཏགས་པ་ལོ་ཡི་པ་ཞེས་གྲགས་སོ། །ཡིག་མཁན་རིགས་ལས་སྐལ་བར་ལྡན། །ཉ་ལྟོ་ཟ་ཞིང་དངོས་གྲུབ་བརྙེས། །ལོ་ཡི་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །དེ་ནས་སློབ་དཔོན་གྱིས་རྒྱ་གར་ལྷོ་ཕྱོགས་དང་ཉེ་བ་ན། ཨོ་ཊ་བི་ཤའི་ཡུལ་གྲོང་ཁྱེར་ཀུ་མཱ་རཱ་ཀྵེ་ཏྲ་གཞོན་ནུ་མའི་ཞིང་ཞེས་བྱ་བ་ན་རྒྱལ་པོ་བི་མ་ལ་ཙནྡྲ་ཞེས་བྱ་བ་རྒྱལ་སྲིད་ཀྱི་འབྱོར་པ་བདུན་དང་ལྡན་པ་ཞིག་ཡོད་པ་དེ་གདུལ་བའི་དུས་ལ་བབ་པར་གཟིགས་ནས་དེར་བྱོན་པ་དང་། རྒྱལ་པོ་དེ་སྐྱེད་མོས་ཚལ་དུ་མེ་ཏོག་ཀུ་མུ་ཏའི་དགའ་སྟོན་ལ་བྱོན་པ་ལ་གྲོང་ཁྱེར་བ་རྣམས་ཀྱིས་ལམ་དང་སྲང་བར་ཐམས་ཅད་ཕྱག་དར་བྱས། དྲི་ཞིམ་པོའི་ཆུས་བྱུགས། མེ་ཏོག་ལ་སོགས་པ་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་གཅལ་དུ་བཀྲམ་ཏེ་སྐྱེད་མོས་ཚལ་གྱི་དབུས་སུ་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་ཁྲི་བཤམས་པ་ལ། སློབ་དཔོན་སྨྱོན་པའི་ཆ་

49b

བྱད་ཀྱིས་ཁྲི་དེའི་སྟེང་དུ། རྡོ་རྗེ་དཀྱིལ་དཀྲུངས་ཀྱིས་དགོངས་པ་མངོན་དུ་མཛད་ནས་བཞུགས་སོ། །དེའི་ཚེ་རྒྱལ་པོ་དཔུང་གི་ཚོགས་དང་བཅས་པ་བྱོན་པའི་སྔོན་དུ། མདུན་ན་འདོན་རྟ་པ་སུམ་ཅུ་སོ་གཉིས་པོ་བཀྲ་ཤིས་ཀྱི་བུམ་པ་ཐོགས་ཏེ། ལམ་གྱི་བཀྲ་མི་ཤིས་པའི་རྟགས་རྣམས་མེད་པར་བྱེད་ཅིང་ཤིས་པའི་རྟགས་གསོག་ཏུ་བཅུག་སྟེ་འོངས་པ་དང་། ཁྲི་དེའི་སྟེང་ན་སློབ་དཔོན་བཞུགས་པ་མཐོང་བ་དང་། འདི་ཅི་ཡིན་སྨྱོན་པ་འདི་བསྐྲད་དགོས་ཟེར་ནས་ཕར་སོང་བྱས་པས་འགྲོར་མ་འདོད། ལན་གཉིས་ལན་གསུམ་དུ་བྱས་ཀྱང་ལན་མེད་པ་ལ་དེ་རྣམས་ཀྱིས་ལག་པ་བཟུང་སྟེ་བཏེག་པས་ཀྱང་བསྒུལ་བར་མ་ནུས་ནས་ཧ་ཅང་མི་རིགས་ཏེ། ཧ་ཧ་ཞེས་ཁྲེལ་ནས་དགོད་པས། སློབ་དཔོན་མཉམ་གཞག་ལས་ལངས་ཏེ་བྲམ་ཟེ་རྣམས་ལ་བསྡིགས་མཛུབ་མཛད་དེ་གསུངས་པ། མ་ལུས་པ་འདི་ཇི་ཙམ་ཡིན་ཏེ་འཇིག་རྟེན་གསུམ་པོ་ཇི་ཙམ་ཡིན། །དེ་ཆ་ཉིད་ཀྱི་གཅིག་ནི་མི་བདག་གཞན་ཡིན་དེའི་གཡོག་ཡིན་ན། བློ་བཟང་པ་དེ་ཡང་གཞན་གྱི་དམ་པའི་སྤྱོད་ལ་བཞད་གད་བྱེད་པ་ནི། ཨེ་མ་འཁོར་བ་ངོ་མཚར་རེ་ཆེ་འདི་ལ་སྨྲ་མང་ཅི་ཞིག་དགོས་ཅེས་གསུངས་ཏེ། དང་པོ་སྒྲུབ་པ་ལ་ཞུགས་ནས་དེ་བར་ཕལ་ཚིག་དེ་ལས་མ་གསུངས་སོ། །དེ་ནས་བྲམ་ཟེ་དེ་དག་སྐྱེངས་ན་སླར་ལོག་ཏེ་སྔར་གྱི་རྣམས་རྒྱལ་པོ་ལ་བསྙད་པས་རྒྱལ་པོ་ཁྲོས་ཏེ་དེའི་སྟེང་དུ་དཔུང་ཚོགས་ཐམས་ཅད་ཐོང་ལ་བརླག་པར་གྱིས་ཤིག་ཟེར་ནས་དེ་བཞིན་དུ་བྱས་པས། སློབ་དཔོན་གྱིས་

50a

༄༅།        །སྡང་མིག་གིས་བལྟས་ནས་ཧ་ཧ་ཧི་ཧི་ཞེས་བགད་པས། དཔུང་གི་ཚོགས་སྨྱོ་ནས་ཧ་ཧ་ཞེས་ཟེར་ཞིང་བྲོས་སོ། །དེར་རྒྱལ་པོ་སྐྲག་ནས་བཟོད་གསོལ་མ་བྱས་ན། རྒྱལ་ཁམས་ཕུང་བར་བྱས་ཏེ་འོང་སྙམ་ནས། མྱུར་བར་སློབ་དཔོན་གྱི་དྲུང་དུ་འོངས་ཏེ། གླང་པོའི་མཆོག་ལས་བབས་ཏེ། མཎྜལ་ཕུལ་བཟོད་པར་གསོལ་བས་སྔར་གྱི་རྣམས་གྲོལ་ལོ། །དེ་ནས་རྒྱལ་པོས་ཁྱོད་སུ་ཡིན་ཞེས་བརྗོད་པས། སློབ་དཔོན་ན་རེ་ཁྱོད་ཀྱང་སུ་ཡིན། ང་རྒྱལ་པོ་ཡིན། ངའང་རྒྱལ་པོ་ཡིན། འོ་ན་ཁྱོད་ལ་རྒྱལ་པོའི་ལོངས་སྤྱོད་རྣམས་ཡོད་དམ་དྲིས་པས། སློབ་དཔོན་གྱིས་ས་གཞི་མལ་སྟན་ཆེན་པོ་ཡིན་ཏེ་ལག་པའི་བློ་རྟེན་འབོལ་བ་ཁྲི། །ཟླ་བའི་འོད་ཟེར་སྒྲོན་མ་གསལ་ཞིང་བསིལ་ཡབ་རྗེས་སུ་མཐུན་པའི་རླུང་། །རྒྱ་ཆེ་ནམ་མཁའི་བླ་བྲེ་ཆགས་བྲལ་སྟོང་པའི་བུད་མེད་ལ་སྤྱོད་ཅིང་། །ཨེ་མ་རྒྱལ་ལྟར་སྲིད་ན་འཇིགས་མེད་བདེར་ཉལ་རྣལ་འབྱོར་ཆེན་པོ་ཡིན། །ཞེས་གསུངས་རྒྱལ་པོ་དད་ནས། སློབ་དཔོན་གླང་པོ་ཆེ་མཆོག་གི་སྟེང་དུ་བཞག་སྟེ་ཁབ་ཏུ་སྤྱན་དྲངས་དབང་བསྐུར་ཞུས་པས་ཁྱེད་ནི་རིགས་བསྙེམས་པའི་གང་ཟག་ཡིན། སྣོད་དུ་མི་རུང་ངོ་གསུངས་པ་ལ། རྒྱལ་སྲིད་ཀྱི་བྱ་བ་སྤོང་བར་ཁས་བླངས་ནས་ཞུས་པས། དེ་ཉིད་དུ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་རྫོགས་པར་སྤྲུལ་ནས་དབང་བཞི་རྫོགས་པར་བསྐུར་རོ། །རང་བྱིན་གྱིས་བརླབ་པའི་བདེ་བ་ཉམས་

50b

མྱོང་རྒྱུད་ལ་བསྐྱེད་དོ། །བློན་པོ་བྲམ་ཟེ་གཙང་སྦྲ་ལ་དགའ་ཞིང་རིགས་ལ་མཆོག་ཏུ་འཛིན་པ་ཡིན། ང་རྣལ་འབྱོར་པ་ཤ་ཆང་ཟ་ཞིང་འཐུང་ལ་དེ་ལ་ཁྱོད་མོས་སམ། མོས་ཟེར་ནས། དེ་ནས་དེ་ལ་ཡང་ཉམས་མྱོང་རྒྱུད་ལ་བསྐྱེད་དོ། །དེ་ནས་རྒྱལ་བློན་གཉིས་ལ་གདམས་ངག་འབོག་པར་དགོངས་ནས་གནས་ལུགས་ཕྱག་རྒྱ་ཆེན་པོའི་དོན་ལ་སེམས་གདོད་དུ་བཅུག་ནས་མཁྱེན་བཞིན་དུ། ཁྱེད་གཉིས་ད་ལྟ་སེམས་གང་ལ་འཕྲོ་ཞེས་དྲིས་པས། རྒྱལ་པོ་ན་རེ་སྨད་འཚོང་མ་ལའོ། །བློན་པོ་ན་རེ་ཌེམ་གྱི་སྒྲ་ལ་འཕྲོ་ཟེར། དེ་ནས་སློབ་དཔོན་གྱིས་ཌེམ་གྱི་སྒྲ་ལ་གཞི་བྱས་ཏེ་བསྟན་པ་ནི། ཌེམ་གྱི་སྒྲ་དེ་ཆོམས་ནས་འདུག་གམ་ཐོ་བ་དང་སྐྱེས་བུའི་རྩོལ་བ་ལ་སོགས་གང་ལ་འདུག་རྟོགས་ཤིག་ཅེས་གསུངས་པས་དེ་གཉིས་ཀྱིས་བརྟགས་པས་ཡ་གྱལ་གང་ལ་ཡང་མ་རྙེད་ནས། སྨྲས་པ། དཔེ་དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་དེ་རྟོགས་པར་བྱེད་པའི་ཐབས་བླ་མའི་གདམས་ངག་དང་། སློབ་མའི་མོས་གུས་དང་རྩོལ་བ་ལ་སོགས་པ་རྐྱང་པ་ལས་མི་འབྱུང་ཞིང་། དེ་རྣམས་ཚོགས་པ་ལས་རྟོགས་ཏེ། དེས་ན་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་ཡིན་པས་དེའི་ཕྱིར་ཆོས་ཀྱང་སྐྱེ་བ་མེད་པའི་ཆོ་འཕྲུལ་དུ་ཤེས་པར་གྱིས་ལ་ལམ་མངོན་པར་རྟོགས་པ་སྒོམས་ཤིག་ཅེས་གསུངས་པས། དེ་གཉིས་ན་རེ། དེ་ཇི་ལྟ་བུ་ལགས་ཞུས་པས། སློབ་དཔོན་ན་རེ། ཚངས་པའི་གནས་བཞི་བསྒོམ་པར་བྱའོ་ཞེས་པ་ལ་སོགས་པའི་མངོན་རྟོགས་གཞུང་དུ་བཀོད་དོ། །དེ་ནས་རྒྱལ་པོའི་རིགས་དང་འབྱོར་པ་ལ་

51a

༄༅།        །སོགས་ཀྱི་ང་རྒྱལ་བཅག་པའི་ཆེད་དུ། ཁྱེད་ཀྱི་འབྱོར་པ་རྣམས་ཆ་གསུམ་དུ་དགོས་ལ། གཅིག་དགེ་སྦྱོང་དང་བྲམ་ཟེ་ལ་དབུལ། གཅིག་ཕོངས་པ་ལ་སྦྱིན། གཅིག་རྒྱལ་སྲིད་འཛིན་པ་ལ་ཞོག་ལ། རང་གཅེར་བུར་ཕྱུང་། ལུས་ཐལ་བས་བྱུགས། འདོམས་ལ་པ་ཅོ་རས་ཀྱིས་དཀྲིས། དབྱུག་པ་དང་སློང་ཕོར་ཐོགས། བཙུན་མོ་རྣམས་ཐོང་ལ། འདི་ནས་ལྷོ་ཕྱོགས་ཀྱི་རྒྱུད་ན་ཨོ་ཌ་པུ་རི་ཁུར་བའི་གྲོང་ཁྱེར་ཅེས་པ་ན། རྡོ་རྗེ་རྣལ་འབྱོར་མ་སྨད་འཚོང་མའི་ཆ་བྱད་འཛིན་པ་ཅིག་ཡོད་པས་དེའི་དྲུང་དུ་སོང་ལ། ཉིན་མོ་ཞིང་ལས་གྱིས། ནང་ནུབ་རྐང་པ་འཁྲུད་པ་དང་སྐུ་མཉེ་ལ་སོགས་གྱིས། དེར་ཆང་ཉོ་བ་དང་ཉལ་པོ་ལ་འོངས་པའི་སྐྱེས་པ་ཀུན་གྱི་རྐང་པ་བཀྲུ་བ་ལ་སོགས་གྱིས། ནུབ་མོ་བཞིན་སྒྲུབ་པ་གྱིས། དེ་ལྟར་བྱས་ན་ལོ་བཅུ་གཉིས་ན་བུད་མེད་སྟོང་ཕྲག་བཅུ་བཞི་དང་བཅས་པ་གྲུབ་པ་ཐོབ་པར་འགྱུར་རོ་ཞེས་གསུངས་ནས་བཏང་ངོ་། །བློན་པོ་ལ་བྲམ་ཟེའི་རིགས་ཀྱི་རྣམ་རྟོག་སྤང་པའི་ཆེད་དུ་གཞོན་ནུའི་གྲོང་ཁྱེར་དེ་ཉིད་ཀྱི་ཆང་འཚོང་མ་གཅིག་གི་དྲུང་དུ་བཏང་སྟེ། དེ་ཡང་ཉི་མ་ནུབ་ཞིང་འཆུ་བ་དང་ཆང་གི་བཟི་བའི་སྐྱུགས་པ་དང་གོ་ལ་ཟོས་པའི་རྩིགས་མ་ཀུན་ཕྱོགས་ལ་ནུབ་མོ་སྒྲུབ་པ་གྱིས། དེ་ལྟ་ན་ལོ་བཅུ་གཉིས་ན་གྲུབ་པ་ཐོབ་ནས་ཡུལ་ཁམས་དེ་སྨིན་པར་བྱས་མཐར་མི་ཕྱུགས་ཐམས་ཅད་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་པོ་ཞེས་གསུངས་ནས་མི་སྣང་བར་གྱུར། དེ་ནས་རྒྱལ་པོས་རྒྱལ་སྲིད་བགོས། བཙུན་མོའི་འཁོར་སྟོང་ཕྲག་བཅུ་གཉིས་ཀྱི་

51b

ནས་ཐོན་ཏེ། ཁུར་བའི་གྲོང་ཁྱེར་དུ་སོང་ནས་སྔར་གྱི་ལྟར་བྱས་པས། ནུབ་གཅིག་མོའི་དྲུང་དུ་ཉལ་པོ་ལ་འོངས་པའི་སྐྱེས་པ་གཅིག་གིས་ཕྱི་རོལ་དུ་ཕྱིན་ཙམ་ན། སྒོ་དྲུང་ན་ཁོལ་པོའི་སྤྱིལ་པོ་ལ་མེ་འབར་བར་མཐོང་ནས་བལྟས་པས་གཏུམ་མོའི་འོད་དུ་འདུག་ནས། མི་དེ་ན་རེ། བདག་ཅག་གིས་མ་ལེགས་པ་བྱས་པ་བཟོད་པར་གསོལ། ཁྱེད་དངོས་གྲུབ་ཐོབ་ཙམ་ན་བདག་རྗེས་སུ་བཟུང་བར་ཞུ་ཟེར་རོ། །དེར་ལོ་བཅུ་གཉིས་ལོན་ནས་ང་ཚོགས་འཁོར་བྱེད་པས་བུད་མེད་ཐམས་ཅད་འདིར་ཤོག་ཅིག་ཟེར་ཏེ། ཌ་མ་རུ་དཀྲོལ་བས། བུད་མེད་སྟོང་ཕྲག་བཅུ་བཞི་པོ་འདུས་ནུབ་མོ་ཚོགས་འཁོར་བྱས། ཐོ་རངས་གྲུབ་པ་ཐོབ་སྟེ་མཁའ་སྤྱོད་དུ་གཤེགས་སོ། །དེའི་དུས་སུ་སྔར་གྱི་སྐྱེས་པ་ཉལ་པོ་བྱེད་པ་དེ་ཤུལ་དུ་ལུས་ནས་བདག་ཇི་ལྟར་བྱེད་བྱས་པས། ནམ་མཁའ་ལས། གྲོང་ཁྱེར་འདིའི་དབུས་ན་རྡོ་རིང་ཅིག་གི་སྟེང་ན་རྡོའི་གླང་པོ་ཆེ་གཅིག་ཡོད། དེ་ད་ལྟ་ཁ་ཤར་དུ་བལྟས་ལ། ལོ་རེ་ལ་ཏིལ་རེའི་ཚོད་ཙམ་རེ་ནུར་ནས་ནམ་ཞིག་ཁ་ཤར་དུ་བལྟས་ཙམ་ན། ཁུར་བའི་གྲོང་ཁྱེར་གྱི་མི་རྣམས་ཀྱང་དེར་སྐྱེས་ཏེ་ཁྱོད་དང་བཅས་པ་ཐམས་ཅད་ཀྱང་མཁའ་ལ་སྤྱོད་པ་ཐོབ། ད་ལྟ་ཁྱོད་ལ་སྐལ་བ་མེད་ཅེས་གསུང་ངོ་། །དེ་ལྟ་བུའི་སློབ་དཔོན་དེའི་མཚན་ཡང་དཱ་རི་ཀ་པ་ཞེས་གྲགས་ཏེ། དེས་འཁོར་ལོ་སྡོམ་པའི་བསྟོད་པ་རྣལ་འབྱོར་མའི་མན་ངག །རྣལ་འབྱོར་མའི་འགྲེལ་པ་ཚེས་བཅུའི་མཆོད་པ་དང་བཅས་པ། ཀེང་རུས་ཀྱི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ལ་སོགས་པ་མཛད་དོ། །

52a

༄༅།        །རྒྱལ་རིགས་ཐ་མལ་སྤྱོད་པ་མཛད། །སྨད་འཚོང་ལྔ་བརྒྱ་མཁའ་ལ་གཤེགས། །དཱ་རི་ཀ་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །བློན་པོས་ཀྱང་སྔར་བཞིན་བྱས་པས་ཇི་ལྟར་གསུང་བ་བཞིན་གྲུབ་པ་ཐོབ་སྟེ། སློབ་དཔོན་ཆེན་པོ་ཌེཾ་གི་པ་ཞེས་གྲགས་སོ། །འབྲས་བུ་སྤྱོད་ཅིང་དངོས་གྲུབ་བརྙེས། །ཆང་ཚོང་ལྔ་བརྒྱ་མཁའ་ལ་གཤེགས། །ཌེཾ་ཀི་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །དཱ་རི་ཀ་པའི་སློབ་མ་རྡོ་རྗེ་དྲིལ་བུ་པ་ནི། རྒྱ་གར་ཤར་ཕྱོགས་ན་ལེནྡྲའི་རྒྱལ་པོ་ཅིག་གི་སྲས་སུ་འཁྲུངས་ཏེ། ཡབ་འདས་པ་དང་། བློན་པོ་ལ་སོགས་པས་རྒྱལ་ཚབ་ཏུ་མངའ་གསོལ་བ། རྒྱལ་སྲིད་ལ་སྙིང་པོ་མེད་པར་གཟིགས་ནས། རིམ་གྱིས་དཔལ་ན་ལེནྡྲར་བྱོན། མཁན་པོ་རྒྱལ་བའི་ལྷ་རབ་ཏུ་བཟང་པོ་ལས་རབ་ཏུ་བྱུང་སྟེ། མཚན་བློ་གྲོས་སྙིང་པོའི་དཔལ་ཞེས་བཏགས། རིག་པའི་གནས་ལ་སྦྱངས་པ་མཛད་པས་རིག་པའི་གནས་དང་སྡེ་སྣོད་ཐམས་ཅད་ལ་མཁས་པའི་ཡོངས་རྫོགས་ཀྱི་པཎྜི་ཏར་གྱུར་ཏོ། །དེའི་ཚེ་མུ་སྟེགས་རལ་པ་ཅན་ཞིག་རྒྱལ་པོ་ལ་དཔང་དུ་གསོལ་ནས། བསྟན་པ་རྒྱལ་དུ་བཙུགས་ནས་རྩོད་པ་བྱེད་དུ་བྱུང་བ་ལ། པཎྜི་ཏ་གཞན་གྱིས་མ་ནུས་ཏེ། སློབ་དཔོན་གྱིས་དེ་ཕམ་པར་བྱས་ཏེ་ནང་པའི་བསྟན་པ་ལ་བཅུག་པས་སློབ་དཔོན་དགྲ་ལས་རྒྱལ་བ་ཞེས་གྲགས་སོ། །དེའི་ཚེ་རྒྱལ་པོའི་མཆོད་གནས་སུ་བཟུང་ནས། སྡེ་སྣོད་གསུམ་ལ་ཐོས་བསམ་ཉན་བཤད་མཛད་

52b

དོ། །དེའི་ཚེ་བླ་མ་དཱ་རི་ཀ་པ་དང་མཇལ་ནས་གུས་པས་བཏུད་དེ་རྗེས་སུ་འཛིན་པར་ཞུས་པས། དེས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར། གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་གནང་སྟེ། དབེན་པར་སོང་ལ་སྒྲུབས་ཤིག་ཅེས་ལུང་བསྟན། དེར་བྷང་ག་ལའི་ནགས་ཁྲོད་དབེན་པ་ཞིག་ཏུ་སྒྲུབ་པ་མཛད་ཀྱིན་བཞུགས་པས། རེ་ཤིག་ཁྱེད་ཨུ་རྒྱན་དུ་སོང་ཅིག་དེར་ཕག་རྫི་མ་གཅིག་གིས་རྗེས་སུ་འཛིན་པར་འགྱུར་རོ་ཞེས་ནམ་མཁའ་ལས་སྒྲ་བྱུང་ནས་དེར་ཕྱིན་ཏེ། ཕག་རྫི་མོ་མཐོང་ཚད་ལ་ཕྱག་ཕུལ་གསོལ་བ་བཏབ་པ་དང་། ལན་ཅིའང་མ་བྱུང་བས་ཐུགས་ཆད་པ་དང་། ཕག་རྫི་མ་རྒན་མོ་མདོག་ཤིན་ཏུ་མི་སྡུག་པ། གོས་ཧྲུལ་བ་བྱས་པ་རེས་དགོད། རེས་ངུ་བ་གཅིག་བྱུང་བ་ལ། ཕྱག་དང་མཆོད་པ་བྱས་ཏེ་རྒྱུ་མཚན་དྲིས་པས། སྔགས་དར་ཡང་ཉམས་སུ་ལེན་པ་ཉུང་བས་སོ་གསུང་། དེར་མཁའ་འགྲོ་མར་ཤེས་ཏེ། ཞབས་སྤྱི་བོར་བླངས་རྗེས་སུ་འཛིན་པར་ཞུས་པས། དེར་རང་གཟུགས་དངོས་སུ་བསྟན། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་གདམས་པ་གནང་ནས་ལྷོ་ཕྱོགས་སུ་སྒོམས་ཤིག་ཅེས་ལུང་བསྟན་ནོ། །དེ་ནས་སློབ་དཔོན་གྱིས་རིམ་གྱིས་བྱོན་པས་ལྷོ་ཕྱོགས་ཨོ་ཌི་བི་ཤ་ཞེས་བྱ་བའི་ཡུལ་ཕྱོགས་ཀྱི་ནགས་ཁྲོད་དབེན་པ་ཞིག་ན་སྒྲུབ་པ་སྙིང་པོར་མཛད་ཅིང་བཞུགས་པ་དེའི་ཚེ་ཡུལ་དེའི་རྒྱལ་པོ་སོས་ཀའི་དུས་སུ་སྐྱོ་བ་བསང་ཞིང་རི་དགས་ལ་འཕོང་བསླབ་པའི་

53a

༄༅།        །དོན་དུ་ནགས་གསེབ་མཐུག་པོར་བྱོན་པ་དང་། རྒྱལ་པོ་དེས་སློབ་དཔོན་མཐོང་སྟེ། དགེ་སློང་དེ་གཟུགས་ཤིན་ཏུ་རིད་པ། ལུས་ཉི་ལྷགས་ཀྱིས་གཟིར་ཅིང་འཚོ་བར་བྱ་བའི་དངོས་པོ་གང་ཡང་མེད་པ་མཐོང་ནས་སྙིང་རྗེ་སྐྱེས་ཏེ་ངས་ཟས་སྦྱིན་གྱིས་གྲོང་ཁྱེར་དུ་འདོང་ངོ་ཞེས་སྨྲས་སོ། །དེའི་ཚེ་སློབ་དཔོན་རིམ་ལྔ་ལ་བློ་སྦྱོང་བའི་རིམ་པ་གསུམ་པ་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པར་བཞེད་པའི་སྐབས་སུ་བབ་སྟེ། མངོན་པར་ཤེས་པས་གཟིགས་པས་ཕྱག་རྒྱ་འགྲུབ་པར་གཟིགས་ནས། དངོས་རྣམས་ཡོངས་སུ་ཤེས་པའི་མཁས་པ་རྣམས་ལ་བརྙས་པར་མི་བྱ་སྟེ། །དེ་ནི་རྩ་རྩེ་ཆུང་བ་བས་ཀྱང་ཆུང་བའི་འབྱོར་པས་འཁྱིགས་མ་ཡིན། །རྒྱུན་མི་འཆད་པར་ཆང་འཛག་པའི་འགྲམ་ལྷག་ནག་པོར་གྱུར་པ་ཡིས། །གླང་ཆེན་རྣམས་ནི་པདྨའི་སྐུད་པ་ཕྲ་མོས་འཁྱིགས་པར་མི་ནུས་ཤིང་། །ཞེས་གསུངས་པ་དང་། རྒྱལ་པོ་ཁྲོས་ནས་ངས་འདི་གྲོང་ཁྱེར་དུ་སྨ་དབབ་པར་བྱའོ་ཞེས་གྲོང་ཁྱེར་དུ་ཕྱིན་ནས་དྲིལ་བསྒྲགས་པས་ནགས་གསེབ་ཀྱི་བཙུན་པ་འདི་གྲོང་ཁྱེར་དུ་སྨ་དབབ་པར་སུ་ཡིས་ནུས་པ་དེ་ལ་བྱ་དགའ་ཆེན་པོ་སྟེར་རོ་ཞེས་དྲིལ་བསྒྲགས་སོ། །དེའི་ཚེ་ཆང་ཚོང་མ་ཞིག་ལ་བུ་མོ་མཛེས་མ་པདྨ་ཅན་གྱི་རིགས་སུ་གྱུར་པ་ཞིག་ཡོད་པ་ན་རེ་ངས་གྲོང་དུ་འདི་སྨ་དབབ་པར་བྱའོ་ཞེས་ཁས་བླངས་སོ། །དེ་ནས་དགོས་པའི་ཡོ་བྱད་ཐམས་ཅད་ནི་རྒྱལ་པོས་གྲོང་ཁྱེར་ནས་བསྲིངས།

53b

བུ་མོ་དེས་སློབ་དཔོན་གྱི་ཞབས་ཏོག་བྱེད་པར་ཞུས་པས་སྐལ་བ་དང་ལྡན་པར་གཟིགས་ནས་གནང་སྟེ། དེ་ལ་དབང་དམ་ཚིག་ཐམས་ཅད་ཀྱིས་སྣོད་དུ་རུང་བར་བྱས་ཏེ། ཕྱག་རྒྱ་མ་བྱས་ནས་རིམ་པ་ལྔ་པ་མཐར་ཕྱིན་གྱི་བར་དུ་ལོ་བཅུ་གཉིས་ཀྱི་བར་སྒྲུབ་པ་མཛད་དོ། །དེ་ནས་ཀུན་ཏུ་བཟང་པོའི་སྤྱོད་པས་ཨོ་ཌི་བི་ཤ་ན་གནས་པ་རྣམས་རྡོ་རྗེ་ཐེག་པ་ལ་གཟུད་པར་འདོད་པ་དང་། མ་འོངས་པའི་སེམས་ཅན་དམན་པ་རྣམས་ཀྱི་དོན་དུ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྤྱན་དྲང་བའི་དགོངས་པ་དང་། སློབ་དཔོན་བདག་ཉིད་ལ་འགྲོ་བ་རྣམས་ཀྱིས་མི་མོས་པ་བཟློག་པར་བྱ་བའི་དོན་དུ་གྲོང་ཁྱེར་དུ་བཞུད་པར་བཞེད་ནས་སྤྲུལ་པའི་བུ་དང་བུ་མོ་ཞིག་ཀྱང་སྤྲུལ་ལོ། །དེ་ནས་རྒྱལ་པོས་ཆང་འཚོང་མ་ལ་མངགས་ཏེ་དེ་རིང་ནགས་གསེབ་ནས་དགེ་སློང་ཁྲིད་ལ་ཤོག་ཅིག་ཅེས་སྨྲས་སོ། །གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་སྒོ་དྲུང་དུ་འཚོག་ཏུ་བཅུག་སྟེ། ལམ་རིམ་པ་བཞིན་ཆང་གི་བུམ་པ་བསྒྲིག་ཏུ་བཅུག་སྟེ་སྤྱན་དྲངས་བའི་ཚེ། སྤྲུལ་པའི་བུ་ནི་གཡས་ནས་རྒྱུག །བུ་མོ་ནི་གཡོན་ནས་རྒྱུག །སློབ་དཔོན་གྱིས་རྭའི་བཤོར་ཞལ་དུ་བཅུག་པ་ལ་ཇོ་མོས་ཆང་གི་བུམ་པ་བཏེག་ཅིང་རིམ་པ་བཞིན་དུ་བྱོན་ནས་གྲོང་ཁྱེར་དུ་སླེབ་པའི་ཚེ། རྒྱལ་པོས་དབུ་བྱས་གྲོང་ཁྱེར་བ་རྣམས་ཀྱིས། སྔར་གྱི་སློབ་དཔོན་འདི་རང་གི་གླུ་ལེན་ཅིང་རྒྱལ་པོས་སྤྱན་དྲངས་པའི་ཚེ་མི་འོང་བར། ཆང་འཚོང་མའི་བུ་མོས་བོས་པའི་ཚེ་དེ་ལ་བབས་པའི་ཞེས་

54a

༄༅།        །ཐལ་མོ་རྡེབས་ཤིང་གད་མོའི་སྒྲ་བྱས་པས་སློབ་དཔོན་གྱི་སྔར་དགོངས་པ་དང་། རང་གི་ནུས་པ་བསྟན་པའི་ཕྱིར་རྭའི་བཤོར་ཞལ་དེ་ས་ལ་བརྡབས་པས། ས་འོག་རིམ་པ་བདུན་དུ་ཕུག་སྟེ་ས་འོག་གི་ཆུ་ཆེན་པོ་གྱེན་དུ་ཕྱུང་ངོ་། །སློབ་དཔོན་ཉིད་ཧེ་རུ་ཀར་བྱས། བཙུན་མོ་ནི་རྡོ་རྗེ་ཕག་མོར་བྱས། སྤྲུལ་པའི་བུ་ནི་རྡོ་རྗེར་བྱས། བུ་མོ་ནི་དྲིལ་བུར་བྱས་ཏེ། བདེ་མཆོག་ལྷན་ཅིག་སྐྱེས་པའི་རྣམ་པར་བྱས་ནས་ནམ་མཁའ་ལ་གཤེགས་སོ། །རྒྱལ་པོ་ལ་སོགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་སློབ་དཔོན་ལ་བཟོད་པར་གསོལ་བས། ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག་གསུངས་ནས། ཐམས་ཅད་ཀྱིས་ན་མོ་ལོ་ཀེ་ཤྭ་རཱ་ཡ་ཞེས་གསོལ་བ་བཏབ་པས་ཆུའི་དབུས་ནས་ཐུགས་རྗེ་ཆེན་པོའི་སྐུ་རང་བྱུང་ཞིག་བྱུང་སྟེ་དེ་ལ་ཆུ་རྣམས་བསྐོར་བ་ལན་བདུན་བྱས་ནས་འོག་ཏུ་སོང་ངོ་། །ཐུགས་རྗེ་ཆེན་པོའི་སྐུ་ནི་དིང་སང་ཡང་བྱིན་བརླབས་ཆེ་ཞིང་འགྲོ་བ་ཐམས་ཅད་སྐྱོབ་པར་གྱུར་པ་ཡིན་ནོ། །ཨོ་ཌི་བི་ཤ་པ་ཐམས་ཅད་ཀྱང་རྡོ་རྗེ་ཐེག་པ་ལ་ཚུད་ནས་དངོས་གྲུབ་ཐོབ་པ་མང་པོ་བྱུང་ངོ་། །སློབ་དཔོན་དེས་ཕྱི་རབས་ཀྱི་སྐྱེ་བོ་རྣམས་ཀྱི་དོན་དུ། རང་བཞིན་གྱིས་གྲུབ་པ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་པའི་ཆོ་ག །སྒྲུབ་ཐབས་བསྐྱེད་རིམ། རིམ་པ་ལྔ་པ་རྫོགས་རིམས། དེའི་རང་འགྲེལ། ལྷན་སྐྱེས་ཀྱི་སྒྲུབ་ཐབས། ལྷ་ལྔའི་སྒྲུབ་ཐབས། ཚོགས་ཀྱི་འཁོར་ལོའི་ཆོ་ག་ལ་སོགས་པ་མཛད་དོ། །བུ་སྨད་བཅས་ཤིང་དངོས་གྲུབ་བརྙེས། །བྷང་ག་ལ་རུ་ལུང་བསྟན་ཐོབ། །རྡོ་རྗེ་དྲིལ་བུ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེའི་སློབ་མ་རུས་སྦལ་ཞབས་ཅན་ཞེས་པ་སྟེ། ཞབས་རུ་སྦལ་ལྟར་མཐོ་བའམ།

54b

དལ་གྱིས་འགྲོ་བའི་སྤྱོད་པ་མཛད་པའི་དུས་སུ་སྤྲུལ་པའི་རུས་སྦལ་ལ་ཆིབས་ཏེ་བྱོན་པ་ཡིན་ནོ་ཞེས་གྲག་གོ། །དེས་རྗེས་སུ་གཟུང་བའི་སློབ་མ་ཛཱ་ལན་དྷ་ར་པ་ཡིན་ཏེ། དེས་བླ་མ་ལ་དབང་ལེགས་པར་ཐོབ། རྒྱུད་སྡེ་བཞིའི་དགོངས་པ་ལ་མཁས་པར་བྱས་ནས། ཛཱ་ལན་དྷ་རའི་གནས་ཆེན་དུ་རྩེ་གཅིག་ཏུ་སྒྲུབ་པ་མཛད་པས་རྡོ་རྗེ་ཕག་མོའི་ཞལ་མངོན་སུམ་དུ་གཟིགས་ཤིང་མཆོག་གི་དངོས་གྲུབ་ཐོབ་སྟེ། གནས་ཀྱི་མིང་ལས་ཛཱ་ལན་དྷ་ར་པ་ཞེས་གྲགས་ཏེ། དེས་འཁོར་ལོ་སྡོམ་པའི་རྣམ་དག་གཙུག་གི་ནོར་བུ་སྙིང་པོའི་དེ་ཁོ་ན་ཉིད་གྲུབ་པ་ལ་སོགས་པ་མཛད་དོ། །རྒྱུད་སྡེ་བཞིའི་དགོངས་པ་མཁས། །རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས། །ཛཱ་ལན་དྷ་ར་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །ནག་པོ་སྤྱོད་པ་བ་ནི། ཤར་ཕྱོགས་བྷང་ག་ལའི་བྱེ་བྲག །ཨོ་རུ་བི་ཤའི་ཡུལ་དུ་རྗེ་རིགས་མཆོག་ཏུ་སྐྱེ་བ་བཞེས་ཏེ། ཀུ་སུ་ལུའི་བླ་མ་ཞིག་ལ་དགྱེས་རྡོར་ཞུས་ནས་དེ་ལ་ཐུགས་དམ་མཛད་ནས། རྒྱུད་སྡེ་བཞི་ལ་ཐོས་བསམ་གྱིས་རྒྱུད་སྦྱངས་པ་དང་། དུས་རེ་ཤིག །བླ་མ་ཛཱ་ལན་དྷ་ར་བ་དང་མཇལ་ཏེ། དེར་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར། རྒྱུད་བཤད། གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་གནང་ནས་དབེན་པར་སྒྲུབ་ཤིག་བར་བཀའ་སྩལ། དེས་ཀྱང་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་བསྒྲུབ་པས། ལྟ་སྟངས་བཞི་འགྲུབ་པ་ལ་སོགས་པའི་

55a

༄༅།        །ནུས་པ་སྐྱེས་པ་དང་། དེའི་ཚེ་བླ་མས་ཨུ་རྒྱན་བྱིན་གྱིས་རློབ་པ་ལ་བརྫངས་ཏེ། ཁྱོད་རྣལ་འབྱོར་མ་གཞན་གྱི་ཆ་བྱད་ལ་མ་ལྟ་བར་ནང་གི་གྲལ་འཇུག་ན། བཞིན་མི་སྡུག་པ། ན་བཟའ་ཧྲུལ་བ། ཞ་ཧྲུལ་པོ་གོན་པ། སོ་མི་ལེགས་པ་ཡ་སོ་མ་མཆུས་མནན་པ་ཞིག་འོང་གིས། དེ་ལ་ཕྱག་འཚོལ་མེ་ཏོག་ཕུལ་ལ། སློབ་དཔོན་ཛཱ་ལན་དྷ་ར་པས་རྒྱན་འདི་བྱིན་གྱིས་རློབ་ཏུ་བཏང་བ་ཡིན་ཞུས་ཅིག་གསུངས་ནས་ཕྱིན་པས་དེ་ཁོ་ན་བཞིན་བྱུང་ནས། ཕྱག་དང་མེ་ཏོག་ཕུལ་ཞུ་བ་བྱས་པས། འཛུམ་པ་བསྟན་ནས་རྒྱན་ལ་སྔགས་བཟླས་བྱིན་བརླབས་མཛད་ནས་འདི་སློབ་དཔོན་ཛཱ་ལན་དྷ་ར་པ་དང་མ་མཇལ་བར་ཁ་མ་འབྱེད་ཅིག་གསུངས་ནས་གདམས་སོ། །དེར་ཁུར་ནས་འོངས་པས་ལམ་དབེན་པ་ཞིག་ཏུ་སེམས་ཙག་ཙག་བྱེད་ནས་ཁ་ཕྱེ་སྟེ་རྒྱན་ལུས་ལ་བཏགས་པས་ནམ་མཁའ་ལ་འགྲོ་བ་དང་མངོན་ཤེས་ཅི་རིགས་པ་ཤར་ནས་རྒྱན་སྦེད་པའི་རྒྱུ་མཚན་དེར་འདུག་སྙམ་སྟེ། སླར་པུས་ཏེ་ཁུར་འོངས་ནས་སློབ་དཔོན་ལ་ཕུལ་བས། སློབ་དཔོན་གྱིས་རིག་ནས། ཅུང་མ་དགྱེས་སོ། །དེ་ནས་སྤྱོད་པ་ལ་འགྲོ་བར་བཞེད་དེ། འཁོར་རྣམས་ཀྱི་ནང་དུ་ངེད་སྤྱོད་པ་ལ་འགྲོ་བས་སྤྲོ་བ་སྟ་གོན་གྱིས་ཤིག་ཅེས་བསྒྲགས། སློབ་དཔོན་ལ་བདག་སྤྱོད་པ་ལ་འགྲོ་བ་ཞུ་ཞུས་པས་སློབ་དཔོན་གྱི་ཞལ་ནས་སྤྱོད་པ་བྱེད་པ་ལ་དྲོད་ཐོབ་ཅིང་ཚར་གཅོད་རྗེས་འཛིན་གྱི་ནུས་པ་དགོས་པས་ཁྱོད་ལ་ནུས་པ་ཅི་ཡོད་

55b

སྟོན་གསུང་། དེར་སྟག་ལ་རེངས་པ་དང་། ཀྲྀཥྞ་ས་ར་ལ་དགུག་པ་དང་། མ་ཧེ་རྒོད་ལ་དབང་དང་། ཤིང་ཏོག་ལ་ལྟུང་བའི་ལྟ་སྟངས་མཛད་པས་གྲུབ་པོ། །ད་ཁྲོལ་གསུང་བ་དང་དགྲོལ་མ་ནུས་པ་དང་། སྤྱོད་པ་བྱེད་པ་ལ་རྣམ་ཤེས་དང་ཡེ་ཤེས་ཀྱི་ལས་ཆ་མཉམ་པ་ཚར་གཅོད་རྗེས་འཛིན་གཉིས་ཀ་དགོས་པ་ཡིན། ད་རུང་སྤྱོད་པ་ལ་མ་འགྲོ་གསུང་ནས་སློབ་དཔོན་གྱིས་དེ་དག་དགྲོལ་ནས་བཏང་ངོ་། །དེ་ནས་བདག་འཁོར་གྱི་ནང་དུ་འགྲོ་བར་ཁས་བླངས་པས་བཤོལ་བ་ངོ་ཚ་ཞིང་། བླ་མའི་རྒྱན་གནང་ན་ནུས་པས་ཅིས་ཀྱང་འགྲོ་བར་ཞུ་ཞིང་རྒྱན་ཡང་གནང་བར་ཞུ་ཞུས་པས་རྒྱན་གནང་ནས་ཅིས་ཀྱང་འགྲོ་ན་ཤར་དེ་བི་ཀོ་ཊིར་མ་འགྲོ་ཤིག་གསུང་ངོ་། །དེར་ཁོང་གི་འཁོར་རྣལ་འབྱོར་པ་བདུན་ཅུ་རྩ་གཉིས་ཀྱིས་ནི་བསྐོར། ཞབས་ནི་ཁྲུ་གང་གིས་ས་ལ་མི་རེག་པར་གཤེགས། གདུགས་བདུན་འཛིན་པ་མེད་པར་ནམ་མཁའ་ལ་འགྲོ །ཌ་མ་རུ་བདུན་འཁྲོལ་བ་མེད་པར་ནམ་མཁའ་ལ་འཁྲོལ་ཞིང་ཛཱ་ལན་དྷ་ར་ནས་ཡུལ་སྡེ་ཆེན་པོ་བཅུ་གསུམ་བསྒྲལ་ནས་ཤར་ཕྱོགས་བྷང་ག་ལར་འགྲོ་བར་བཞེད་དེ། གང་གའི་འགྲམ་དུ་སླེབ་པ་དང་། མཛེ་མོ་ཞིག་ང་ཆུ་ལས་སྒྲོལ་གྲོང་ཕ་གིའི་འདབས་སུ་སྐྱོལ་ཟེར་བ་ལ། འདིའི་རྣག་ཁྲག་འཛག་པས་རྒྱན་ཆུད་འཛའ་ཞིང་མཛེ་གོས་ན་ཚེ་གཅིག་ལུས་གཅིག་གིས་བྱང་ཆུབ་འགྲུབ་པའི་བར་ཆོད་དུ་འགྱུར་རམ་སྙམ་ནས་མ་ཁུར་རོ། །དེར་སློབ་མ་བཟང་པོའི་ཞབས་དང་། ཨ་ཡེ་ལ་དང་། མ་ཧི་

56a

༄༅།        །ལ་དང་། དཱ་མ་དང་། གྲུ་མ་རྣམས་ལ་སྒྲོལ་བྱས་པས་ཀྱང་སྒྲོལ་མ་འདོད་དོ། །དེར་སློབ་དཔོན་གྱིས་ཆུ་ལ་ན་བཟའ་བཏིང་ནས་བཞུད་པས་མ་བྱིང་བས་ང་རྒྱལ་སྐྱེས་ཏེ་བླ་མ་ལའང་འདི་ཙམ་ལས་མེད་སྙམ་པ་དང་། ཆུར་བྱིང་བ་དང་བླ་མ་ལ་མོས་གུས་བྱས་པས་ཐོན་ནོ། །དེར་འཁོར་གྱི་གསེབ་ནས་དགེ་ཚུལ་ཚེམ་བུ་པ་ཞེས་བྱ་བས་ཐེ་ཚོམ་མེད་པར་རས་ཀྱི་སྟོད་གཡོགས་ཀྱི་ཁུང་དུ་ཁུར་ཕྱིན་པས་ཆུའི་དཀྱིལ་དུ་སླེབ་པ་དང་། མཛེ་མོ་དེ་རྡོ་རྗེ་ཕག་མོར་བྱས། དགེ་ཚུལ་ཧེ་རུ་ཀར་བྱས་ནས་ཁྱེད་ཀྱིས་སྤྱོད་པ་མི་ནུས་པར་འདུག་གི་མ་བྱེད་ཅིས་ཀྱང་བྱེད་ན་དེ་བི་ཀོ་ཊིར་མ་འགྲོ་གསུངས་ནས་ནམ་མཁའ་ལ་གཤེགས་སོ། །རྡོ་རྗེ་གདན་པས་ཀྱང་། དགེ་ཚུལ་ལུས་ཀྱིས་མཛེ་མོ་ཁུར། །གང་གའི་གཞུང་ནས་མཁའ་ལ་གཤེགས། །ཚེམ་བུ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། དེ་ནས་ཕར་ཕྱིན་པས་རྨོན་པ་ཅིག་དང་ཕྲད་པ་ལས། དེས་ཐུགས་ཆང་ས་འོག་ན་བཅུག་འདུག་པ་བསླངས་པས་མ་སྟེར་ཏེ། མ་ཟད་ན་དྲོ་བ་ཞིག་ལ་ཆུ་བག་ཙམ་འཛག་པ་ཅིག་འདུག་པ་ལས་འཐུང་ཟེར་དེས་མི་ངོམས་པས་འཐུང་ནུས་པར་གྱིས་ངོམས་པར་བྱ་ཡིས་ཟེར་དེར་འཐུངས་པས་མ་ཟད་དེ། དེར་རྨོན་པའི་གླང་ལ་བསྡིགས་མཛུབ་བྱས་པས་གླང་ཤི་བས་ཁྱོད་སངས་རྒྱས་ཀྱི་རྣལ་འབྱོར་པར་འདུག་པས་ད་འདི་རྗེས་སུ་གཟུང་ཟེར་བ་ལ་གསོ་བར་མ་ནུས་སོ། །དེར་རྨོན་པ་རང་གིས་གླང་བསླངས་ནས་ཞིང་རྨོད་ཅིང་

56b

འདུག་གོ། །དེ་ནས་ཕར་བྱོན་པས་སྐྱེད་མོས་ཚལ་ཞིག་ན་ཤིང་ཐོག་ཛཾ་བི་ར་བྱ་བ་ཆུ་སྐྱུར་མོ་འབྱུང་བ་ཞིག་བུ་མོས་བསྲུང་ཞིང་འདུག་པ་ལ་བསླངས་བས་ཁྱོད་རང་རྣལ་འབྱོར་པར་འདུག་པ་ནུས་པ་མེད་དམ་ཕོབ་ལ་ཟོ་ཟེར། དེར་ལྟ་སྟངས་བྱས་པས་ཤིང་ཐོག་བྲུལ་ཞིང་བྱུང་བས་མོས་མིག་ཏེག་བྱས་པ་ཙམ་གྱིས་སླར་འབྱར་ཞིང་སོང་ངོ་། །ཡང་ཕར་ཕྱིན་པས་ལྷ་ཁང་ཞིག་ན་མི་གཅིག་བརྒྱད་སྟོང་པ་ཀློག་ཅིང་འདུག་པ་ལ། སློབ་དཔོན་གྱིས་ཁྱོད་པཎྜི་ཏའམ། རྣལ་འབྱོར་པའམ། དགེ་བསྙེན་ནམ་ཅིས་གནས་བྱས་པས་ཁོ་ན་རེ་རྣལ་འབྱོར་གྱི་ཆ་ལུགས་ཀྱིས་གནས་སོ། །རྣལ་འབྱོར་པ་བྱ་བ་ཀློག་བྱེད་དམ་བྱས་པས། འོ་ན་ཁྱོད་ཀྱིས་ཀློགས་དང་ཟེར་བ་ལ། སློབ་དཔོན་གྱིས་ཀློག་མ་ཤེས་སོ། །དེ་ནས་སློབ་དཔོན་གྱིས། བྷང་ག་ལར་རྒྱལ་པོ་རོལ་པའི་ཟླ་བ་དང་། བློན་པོ་དགེ་བའི་མགོན་པོའི་གྲོང་དང་ཉེ་བར་བྱོན་པ་དང་། རྒྱལ་པོ་ཕྱི་རོལ་པ་ཡིན། བློན་པོ་སངས་རྒྱས་པ་ཡིན་པས་སློབ་དཔོན་ལ་བསུ་བ་དང་བསྙེན་བཀུར་བྱས་པས་བསྙེན་བཀུར་བྱེད་པ་ཅི་དོན་དུ་གཉེར་གསུང་། བློན་པོས་གསོལ་བ་བདག་ལ་ལྷ་ཁང་ན་ཐུགས་རྗེ་ཆེན་པོ་དབང་ཕྱུག་ཆེན་པོའི་གཟུགས་སུ་བཅོས་པ་གཅིག་ཡོད་པའི་རབ་གནས་ཞུའོ། །བཀའ་སྩལ་པ། དི་རིང་ཉིད་དུ་བྱའོ། །གསོལ་བ་ཡོ་བྱད་ཅི་འཚལ། ཅི་འང་མི་དགོས་གསུངས་ནས་མེ་ཏོག་གཅིག་སྐུའི་སྤྱི་བོར་བཞག་ནས། སུ་པྲ་ཏིཥྛ་ཞེས་བརྗོད་ནས་རབ་གནས་ཟིན་ནོ་གསུང་། དེ་ལ་ཡིད་མ་ཆེས་པས། སློབ་དཔོན་གྱིས་

57a

༄༅།        །མེ་ཏོག་ཕོག་ཏེ་གཤེགས་པས་སྐུ་ཡང་སློབ་དཔོན་གྱི་ཕྱི་ལ་གཤེགས་པ་དང་། བློན་པོ་ཡིད་ཆེས་ནས་གསོལ་བ་བཏབ་པས། ཡང་མེ་ཏོག་སྤྱི་བོར་བཞག་སྟེ་སུ་པྲ་ཏིཥྛ་ཞེས་བརྗོད་པས་སྐུ་དེ་ཉིད་དུ་བཞུགས་ཏེ་མི་མང་པོས་སྤྱན་དྲངས་པས་ཀྱང་མ་འདྲོངས་ནས་དེ་ཉིད་དུ་ལྷ་ཁང་བརྩིགས་སོ། །སྔར་གྱི་ལྷ་ཁང་དུ་མཆོད་རྟེན་བརྩིགས་སོ། །བློན་པོ་དེས་དབང་དང་ཆོས་ཞུས་བདེ་མཆོག་གི་རས་རིས་ཀྱང་བྲིས་ནས་འབྲི་མཁན་གསུམ་ལས་གཞན་ལ་གསང་བ་ལས་གསང་བ་འཛགས་ནས་རྒྱལ་པོས་བློན་པོ་གཞན་ལ་ཐོས་པས་འདི་མི་བདེན་གསུངས་ནས་ཡིད་མ་ཆེས་པར་གནས་པའི་དུས་སུ། བློན་པོའི་གྲོགས་པོ་ན་རེ་བྲིས་སྐུ་འདི་གཞན་དུ་མ་བསྐྱལ་ན། རྒྱལ་པོས་ཚོར་ན་ཆད་པ་འོང་ངོ་ཞེས་ཟེར་བས། དེ་ལ་ཉན་ཏེ་བྲིས་སྐུ་ལ་ན་བཟའ་མང་པོ་དང་རྒྱ་མང་པོ་བྱས་ཏེ། གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོ་ནས་བསྐུར་བས། ལྷོ་ཕྱོགས་ཀྱི་སྒོ་བ་ན་རེ་འདི་ཙམ་གྱིས་རྒྱ་འདེབས་པ་ཅི་ཡོད་ཟེར་ནས་ཁ་ཕྱེ་བས་བྲིས་སྐུ་བྱུང་ནས་རྒྱལ་པོའི་དྲུང་དུ་ཁྱེར་ཏེ་བསྟན་པས། བློན་པོ་རྣམས་ན་རེ་རྒྱལ་པོའི་ལྷ་ཡིས་གདན་བྱས་པའི་ལྷ་འབྲི་བ་འདིའི་སྲོག་དང་ནོར་དང་བྲལ་བར་རིགས་སོ། །ཞེས་ཟེར་བ་དང་། རྒྱལ་པོ་ན་རེ་དེ་ནི་མ་ཡིན་ཏེ་བྱ་བ་བརྟགས་ཤིང་བྱེད་པས། ཁོ་ལ་བརྟག་གོ་ཟེར་ནས། བློན་པོ་ལ་འདི་ཁྱོད་ཀྱིས་དྲན་པ་ཡིན་ན་

57b

ཁྱོད་གསོད། ཁྱེད་ཀྱི་སློབ་དཔོན་གྱིས་དྲན་པ་ཡིན་ན་སློབ་དཔོན་གསོད་པ་ཡིན་བྱས་པས། བློན་པོ་ན་རེ། ངེད་དང་སློབ་དཔོན་གྱིས་དྲན་པ་མིན། སངས་རྒྱས་པའི་རྒྱུད་ནས་བཤད་འདུག་པ་ཡིན་བྱས་པས། དེ་བདེན་ན་འོ་ཅག་ཀྱང་འདིས་གདན་བྱས་པའི་འཇིགས་བྱེད་དང་དུས་མཚན་བྲིས་ལ་ནུས་པ་འགྲན་ནོ། །དེ་ཡང་ངེད་ཀྱི་ལྷ་ཁང་དུ་གཤིབས་ཏེ་ཞལ་གཡོགས་ཞག་བདུན་དུ་མཆོད་པ་བྱས་ལ་ཞལ་ཕྱེ་ནས་ཇི་ལྟར་འདུག་པའི་ནུས་པ་འགྲན་ནོ་ཞེས་ཟེར་ནས། དེ་བཞིན་དུ་བྱེད་པར་བྱས་ནས་བློན་པོས་སློབ་དཔོན་ལ་བསྙད་པས། སློབ་དཔོན་ན་རེའང་དེ་འང་དེ་བཞིན་དུ་བྱའོ། །བཅོམ་ལྡན་འདས་དབང་ཕྱུག་གིས་བརྫི་བར་ག་ལ་ནུས་གསུང་ནས་དུར་ཁྲོད་དུ་ཚོགས་ཀྱི་འཁོར་ལོ་མཛད་པའི་ཚེ། མི་སྔོན་པོ་ཐོད་རློན་ཐོགས་པ་ཞིག་བྱུང་ནས་ཚོགས་དཔོན་ངས་བྱ་གསུང་། སྨྲས་པ། དེ་ནི་མ་ཡིན་ཏེ་རྣལ་འབྱོར་པ་ཆེན་པོ་ཡིན་པའི་ཕྱིར་ང་ཉིད་ཚོགས་དཔོན་བྱེད་དོ། །ཞེས་གསུངས་པའི་རྗེས་ཁོ་ན་ལ། ཐོད་པ་ཅན་དེ་ཧེ་རུ་ཀར་གྱུར་ཏེ། འདི་སྐད་དུ། མཛེ་མོ་དེ་ཡང་མཛེ་མོ་མ་ཡིན་རྡོ་རྗེ་ཕག་མོའི་རྣམ་འཕྲུལ་ཡིན། །ཞིང་རྨོད་དེ་ཡང་ཞིང་རྨོད་མ་ཡིན་ཧེ་རུ་ཀའི་རྣམ་འཕྲུལ་ཡིན། །མཛེས་ལྡན་དེ་ཡང་བུ་མོ་མ་ཡིན་ཧེ་རུ་ཀའི་རྣམ་འཕྲུལ་ཡིན། །ཀློག་མཁན་དེ་ཡང་ཀློག་མཁན་མ་ཡིན་ཧེ་རུ་ཀའི་རྣམ་འཕྲུལ་ཡིན། །ཐོད་པ་ཅན་ཡང་ཐོད་པ་ཅན་མིན་ཧེ་རུ་ཀའི་རྣམ་འཕྲུལ་ཡིན། །

58a

༄༅།        །ཚེ་འདིར་མཆོག་མིན་གཞན་དུ། གཞུང་དྲུག་རྩོམ་ཤིག་བར་དོར་སངས་རྒྱས་འགྲུབ་ཅེས་གསུངས་སོ། །སློབ་དཔོན་གྱིས་བདག་རྗེས་སུ་གཟུང་དུ་གསོལ་བྱས་ནས་བསྟོད་པ། ཁྱོད་ཀྱི་ཞབས་ཀྱིས་མཉམ་པར་མནན་ན་འོག་གི་ཀླུ་ཡང་འཇིགས་འགྱུར་ཞེས་ཏེ་ཞབས་གཡོན་བསྐུམ་པར་གནས། །ཁྱོད་ཀྱི་ཕྱག་རྣམས་དྲང་པོར་བསྲངས་ན་ཕྱོགས་སྐྱོང་རྣམས་ཀྱང་སྐྲག་འགྱུར་ཞེས་ཏེ་ཕྱག་རྣམས་བསྐུམ་པར་གནས། །གཙུག་ཏོར་དྲང་པོར་བསྲང་ན་ཚངས་པའི་འཇིག་རྟེན་འཇིག་འགྱུར་ཞེས་ཏེ་དབུ་ནི་ཅུང་ཟད་ཡོ་བར་གནས། །རྗེ་བཙུན་ཁྱོད་ཀྱི་སྐུ་ཡི་གར་ནི་དགོས་པ་དང་ལྡན་མཐོང་བས་བདག་ནི་ཤིན་ཏུ་གུས་པས་བསྟོད། །སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་པར་ལྡན། །ཧེ་རུ་ཀ་དཔལ་སྔགས་པ་ལྷན་ཅིག་གར་བྱེད་ཤོག་ཅེས་གསུངས་པ་དང་། ཧེ་རུ་ཀས་ཧ་ཧ་ཧི་ཧི་ཧེ་ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཞག་བདུན་ནས་བྲིས་སྐུ་བལྟས་པས་བཅོམ་ལྡན་འདས་ནི་འོད་དང་ལྡན་ལ། བྲིས་སྐུ་གཅིག་ཀྱང་གོ་ལོག་ནས་འཇིགས་བྱེད་དུས་མཚན་མནན་པའི་ཧེ་རུ་ཀ་འོད་དང་བཅས་པར་གྱུར་པ་མཐོང་བས། རྒྱལ་པོ་འཁོར་དང་བཅས་པ་ཤིན་ཏུ་དད་པར་གྱུར་ནས། སློབ་དཔོན་རྒྱལ་པོས་གདན་སར་སྤྱན་དྲངས་ནས་དབང་དང་མན་ངག་ཞུས་ཏེ་རྒྱལ་སྲིད་

58b

ཐམས་ཅད་ཕུལ་བས། བྷང་ག་ལ་པ་ཙམ་སངས་རྒྱས་པར་གྱུར་ཏོ། །དེ་ནས་དཔལ་ཧེ་རུ་ཀས་ལུང་བསྟན་པ་དང་རྒྱལ་བློན་གྱིས་ཞུས་པའི་དོན་དུ། རྩ་བའི་རྒྱུད་ཀྱི་དགོངས་འགྲེལ་དུ་བཤད་རྒྱུད་མངོན་བརྗོད་བླ་མ་དང་། རྡོ་རྗེ་མཁའ་འགྲོ་ལ་བརྟེན་ནས་སྨིན་པར་བྱེད་པའི་དབང་གི་ཆོ་ག །རྡོ་རྗེ་མཁའ་འགྲོ་དང་། སམྦུ་ཊ་ལ་བརྟེན་ནས་སྒྲུབ་ཐབས་མཛད་དེ། དེའི་བསྐྱེད་རིམ་ཐམས་ཅད་རྡོ་རྗེ་མཁའ་འགྲོ་དང་མཐུན། རྫོགས་རིམས། སམ་བུ་ཊ་དང་མཐུན་པའི་ཕྱིར་རོ། སྒྲུབ་པ་མཐར་ཕྱིན་པར་བྱེད་པའི་སྦྱིན་བསྲེག་སྟེ་བསྐྱེད་རིམ་སྐོར་གསུམ། ཐབས་རྒྱུད་གསང་འདུས་གླེང་གཞི་དང་། མ་རྒྱུད་ཀྱི་གླེང་གཞི་དོན་གཅིག་ཏུ་སྟོན་པ་གསང་བའི་དེ་ཉིད་གསལ་བ་ཤེས་རབ་ཀྱི་རྒྱུད་དགྱེས་རྡོར་ལ་སོགས་ཀྱི་རྫོགས་རིམ་རྣམས་འདིའི་གླེང་གཞི་དང་མཐུན་པར་སྟོན་པ་དགྱེས་རྡོར་དང་མངོན་བརྗོད་བླ་མ་གཉིས་ལ་གཙོ་བོར་བརྟེན་པ་རིམ་པ་བཞི་པ། བདེ་མཆོག་རང་གི་རྫོགས་རིམ་རྣམས་ཕྱོགས་གཅིག་ཏུ་སྟོན་པ་སམྦུ་ཊ་ལ་སོགས་པ་བཤད་རྒྱུད་རྣམས་ལ་བརྟེན་ནས་དཔྱིད་ཀྱི་ཐིག་ལེ་མཛད་དེ་ནག་པོའི་ཆོས་དྲུག་ཏུ་གྲགས་སོ། །ཁ་ཅིག །དཔྱིད་ཀྱི་ཐིག་ལེ་རྩ་ཡི་སྡོམ། །གསང་བའི་དེ་ཉིད་ཚིག་གི་སྡོམ། །ཨོ་ལ་པ་ཏི་མངོན་རྟོགས་སྡོམ། །སྙིང་པོ་བསྡུས་པ་དོན་གྱི་སྡོམ། །སྡོམ་པ་བཤད་པ་རྣལ་འབྱོར་གྱི་སྡོམ། །ཕྱག་ཆེན་ཐིག་ལེ། ཕྱག་རྒྱ་ཆེན་པོའི་སྡོམ་སྟེ་སྡོམ་དྲུག་ཏུ་བྱས་ནས་གཞུང་དགུ་རུ་བཤད་དེ། སྡོམ་

59a

༄༅།        །པ་བཤད་པ་ལ་སོགས་པ་ནག་པོ་སྤྱོད་པ་བས་མཛད་པ་ཡིན། པཎྜི་ཏ་ཀྲིཥྞ་པས་བྱས་པ་ཡིན་པས་ནག་པོའི་མིང་དོན་མི་འདྲའོ། །དེ་ནས་ཡང་སློབ་དཔོན་གྱིས་དེ་བི་ཀོ་ཊིར་བྱོན་པ་དང་མཁའ་འགྲོ་མ་ཅིག་གིས་མིའི་བུ་མོར་བརྫུས་ནས་འབྲས་བརྡུང་བ་ལ་འབྲས་བསླངས་པས་མ་སྟེར་ནས། སློབ་དཔོན་གྱིས་འབྲས་ཀྱི་ཚོམ་ལ་ལྟ་སྟངས་བྱས་ཏེ་བཀས་པས། མོས་ཀྱང་སློབ་དཔོན་ལ་ལྟ་སྟངས་བྱས་པས་ཞལ་ནས་ཁྲག་བྱུང་བ་དེ། དེར་མིད་ནས་བཞུགས་སར་བྱོན་པ་དང་བསྙུང་ནས། བླ་མའི་བཀའ་བཅག་པའི་ཉེས་པ་བྱུང་བས་ཡུལ་ཉི་ཤུ་རྩ་བཞིར་ཚོགས་འཁོར་བྱེད་དུ་སོང་ལ་དེ་ནས་མེ་ཏོག་དང་སྨན་ལོང་ལ་ཤོག་གསུང་ནས་འཁོར་རྣམས་བཏང་བས་དེ་དག་གིས་ཀྱང་དེ་བཞིན་དུ་བྱས་ནས་སླར་ལོག་འོངས་པ་དང་། ལམ་ཁ་ན་ཁྲུས་ཀྱི་རྫིང་བུ་ཞིག་ན་བུད་མེད་མང་པོ་ཁྲུས་བྱེད་ཀྱིན་འདུག་པ་རྣམས་ན་རེ་ཁྲུས་མི་བྱེད་དམ་ཟེར། སྨྲས་པ་ལོང་མེད་དེ་སློབ་དཔོན་བསྙུང་བས་མྱུར་དུ་འགྲོ། མཁའ་འགྲོ་མས་སྨྲས་པ། བསྙུང་བ་དྭངས་སོ། །དེར་འཁོར་རྣམས་ཀྱིས་ཁྲུས་བྱས་པ་དང་། སྨན་རྣམས་བུད་མེད་རྣམས་ཀྱིས་ཁྱེར་ནས་ནམ་མཁའ་ལ་སོང་ངོ་། །དེར་ཕྱིན་པ་དང་། སློབ་དཔོན་བསྙུང་བ་མ་གྲག་པར། མཁའ་འགྲོའི་བར་ཆད་དུ་ཤེས་སོ། །ཁ་ཅིག་ན་རེ་སློབ་དཔོན་ཞལ་སྐྱེམས་ནས་ཤིང་ཐོག་ན་རི་ཀེ་ལ་སྲུང་བའི་བུ་མོ་ཞིག་ལ་ཤིང་ཐོག་བླངས་པས་མ་སྟེར་བར་ཕྲོགས་ནས་བཟོས་

59b

པས། ཁྲག་ཏུ་འཁྲུ་ནས་བསྙུང་ངོ་། །དེ་ལ་ཅི་ཕན་དྲིས་པས་རྒྱ་མཚོའི་སྦུ་བ་ཕན་ཟེར། དེར་སློབ་མ་བཟང་པོ་ཞབས་བྱ་བ་རྐང་མགྱོགས་གྲུབ་པ་ཞིག་ཡོད་པ་དེས་བླངས་ནས་འོངས་པ་ན། བུད་མེད་བདུན་ཙམ་དུ་བ་འཐུལ་བ་ཞིག་གི་རྩ་ན་ངུ་ཞིང་འདུག །ཅི་ཡིན་དྲིས་པས་ངེད་ཀྱི་སློབ་དཔོན་ནག་པོ་པ་གྲོངས་ཟེར། འོ་ན་སྨན་གྱིས་ཅི་བྱ་སྙམ་ནས་ཆུ་ལ་ཕོ་ནས་བཏང་། ནང་དུ་ཕྱི་ཙ་ན། མ་གྲོངས་པར་འདུག་པས། སློབ་དཔོན་གྱི་ཞལ་ནས་ད་མཁའ་འགྲོ་མའི་བར་ཆད་ཡིན་པས་ཚེ་འདིར་མྱ་ངན་ལས་མི་འདའ་བས་ལུས་འདི་བོར་ཏེ་བར་དོར་ལུས་འདི་ལ་ཞུགས་ནས་གདོད་སངས་རྒྱས་ཐོབ་པར་འགྱུར་བས་ལུས་འདི་ཞག་བདུན་དུ་མ་བསྲེག་གསུངས་ནས་འདས་ཏེ་ཞག་ལྔ་ལོན་པ་ན། རྒྱལ་པོའི་རྩིས་པས་ཚོར་ནས་ཡུལ་ཕྱོགས་ན་རོ་ཡོད་པས་ཡུལ་ཐམས་ཅད་བརྩོག་གོ་ཟེར་ནས་འཇོག་ཏུ་མ་སྟེར་ཏེ། སྤུར་སྦྱངས་པས་ཌ་མ་རུ་དང་ཆ་ལང་ལ་སོགས་པའི་སྒྲ་དང་། ལྷའི་མེ་ཏོག་ལ་སོགས་པ་དཔག་ཏུ་མེད་པའི་མཆོད་པ་ཡང་བྱུང་ངོ་། །དེང་སང་དུས་སུ་ཡང་འདས་པའི་དུས་སུ་ཌ་མ་རུ་དང་མེ་ཏོག་ལ་སོགས་པའི་མཆོད་པ་དཔག་ཏུ་མེད་པ་འབྱུང་བ་ཡིན་ནོ། །ཁ་ཅིག་ན་རེ། ཕྱིས་རུས་པའི་རྒྱན་དང་བཅས་པ་ཞིག་འཁྲུངས་ནས་སྤྱོད་པ་བྱས་ནས་མྱ་ངན་ལས་འདས་ཏེ་བསྟན་བཅོས་རྣམས་ཀྱང་དེའི་དུས་སུ་བརྩམས་སོ་ཞེས་ཟེར་ཏེ། བར་དོར་སངས་རྒྱ་བའི་ལུང་བསྟན་དང་འགལ་ལོ། །བླ་མའི་བཀའ་

60a

༄༅།        །བཅག་སྤྱོད་པ་མཛད། །སྲིད་པ་བར་དོར་རྫོགས་སངས་རྒྱས། །ནག་པོ་སྤྱོད་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཁ་ཅིག་ཡུལ་ཀཪྞ་ཌ་རུ་སྐྱེས་པ་ཀཪྞ་པ་ཞེས་ཟེར་བ་ནི་མི་འཐད་དེ། ཀཪྞ་པ་དང་། འདི་གཉིས་བསྟོད་པ་ལས་ཀྱང་ཐ་དད་དུ་བཤད། ཀླུའི་སྐབས་ནས་ཀྱང་ཐ་དད་དུ་བཤད་ཅིང་། འདི་ཀ་ཧྣ་པ་བྱ་བ་ཡིན་ཏེ། མགོན་པོ་མངོན་འབྱུང་ལས། ཡུལ་ཨོ་ཌི་བི་ས་དེར་སྐྱེས་བུ་བརྩོན་འགྲུས་ཆེན་པོ་སྦྱོར་བ་དང་ལྡན་པ། ར་མ་ནིའི་བཀའ་དང་མཚུངས་པ་སྡེ་ཚན་དང་པོའི་ཀ་ལ་དབྱངས་ཡིག་དང་པོས་བརྒྱན་པ་སྡེ་ཚན་བདུན་པའི་བཞི་པ་ཅུང་ཟད་ན་ལ་ཞོན་པའི་མིང་ཅན་རྣལ་འབྱོར་དབང་པོ་གཅིག་པོ་འདིས་དངོས་གྲུབ་ཆེན་པོ་བརྒྱད་ཐོབ་པར་འགྱུར་རོ། །ཞེས་ཡུལ་དང་མིང་ལུང་བསྟན་ཅིང་། དུས་འཁོར་རྒྱུད་ཕྱི་མ་ལས་ཀྱང་། ཡེ་ཤེས་མིང་ཅན་རྡོ་རྗེ་དྲིལ་བུ་ལག་ལྟུང་དག་ཀྱང་དེ་བཞིན་ཐོད་པར་ཆང་འཐུང་ཞིང་། ཁ་ཊྭཱཾ་ག་དང་རུས་པའི་རྒྱན་ཆ་ཆང་སྣོད་ཅང་ཏེའུ་སྟེར་བ་ནག་པོའི་མིང་ཅན་ནོ་ཞེས་ལུང་བསྟན་ནོ། །ཁ་ཅིག །ཁ་དོག་གནག་པས། ཀྲིཥྞ་པ་ཞེས་བྱ་གསུངས་ཏེ། དེ་དང་འདི་དོན་མི་གཅིག་སྟེ། བསྟོད་པ་ལས་ཀྱང་དེ་ལ་ནག་པོ་རྡོ་རྗེ་ཞེས་གསུངས་ཞིང་། གཞན་ཡང་ནག་པོའི་མིང་ཅན་མང་པོ་ཡོད་དེ། འདི་རྣམས་ལས་འདི་མཆོག་ཏུ་གྱུར་པ། ཀཧྣ་པ་ཞེས་བྱ་བ་ཡིན་ནོ། །མགོན་པོ་མངོན་བྱུང་ལས། དེའི་སློབ་མ་རྣལ་འབྱོར་པ་དྲུག་

60b

གིས་ལུས་དངོས་པོ་སྤངས་པའི་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། །ཞེས་ལུང་བསྟན་ནོ། །དེ་ནས་སྔར་གྱི་བར་ཆད་བྱེད་པའི་མཁའ་འགྲོ་མ་དེ་རྣམས་སློབ་དཔོན་གྱི་སློབ་མ་གུ་ཧྱ་པ་ཞེས་བྱ་བས་ལེགས་པར་བཏུལ་ཏེ་ཚར་བཅད་དོ། །དེ་ནས་རྒྱལ་པོས་བློན་པོ་དགེ་བའི་མགོན་པོ། བླུན་པོའི་ས་ནས་བཏོན་ཏེ་སློབ་དཔོན་དུ་བྱས་ནས་རྒྱལ་པོའི་ཁབ་ཏུ་སྤྱན་དྲངས་ཏེ། རྒྱལ་པོའི་སྤྱན་སྔ་དང་ཉེ་བར་སྒོམ་བྱེད་ཀྱིན་བཞུགས་པས་རྒྱལ་པོའི་མཆོད་ཁང་དུ་ཆུང་མས་མཆོད་པའི་ཞོ་བསྐྱལ། དེ་ལ་བྱི་ལས་བརྐུས་པ་མངོན་ཤེས་ཀྱིས་མཐོང་ནས། བྱི་ལ་བསྐྲད་པས་རྒྱལ་པོ་ན་རེ་ཅི་ཡིན་གསུང་། འདི་ལྟར་ཡིན་བྱས་པས། བློན་པོ་ཁྱོད་ཀྱིས་འཇིག་རྟེན་ལས་འདས་པའི་རྒྱལ་པོ་མཉེས་པར་གྱིས་ཤིག་ཅེས་གསུང་ནས། སྒྲུབ་པ་ལ་བཅུག་ནས་བསྒྲུབས་པས་དངོས་གྲུབ་ཐོབ་ཅེས་གྲགས་ཏེ། དེས་རྣལ་འབྱོར་གྱི་གཏུམ་མོ་ལ་སོགས་པའི་བསྟན་བཅོས་འགའ་མཛད་དོ། །དེའི་སློབ་མ་བྱང་ཆུབ་ལ་དབང་བཀའ་བཤད་བཀའ་གདམས་ངག་དང་བཅས་པ་གནང་། དེས་ཀྱང་ཐུགས་ཉམས་སུ་བཞེས་པས་གྲུབ་པ་བརྙེས་པར་གྲགས་སོ། །དེ་དང་གུ་ཧྱ་པ་གཉིས་ཀྱི་སློབ་མ་རྣམ་རྒྱལ་ཞབས་ཏེ། དེ་ཡང་དྲིལ་བུ་པ་དང་ནག་པོ་པའི་ཆོས་སྐོར་གྱི་བརྒྱུད་པ་དང་བརྒྱུད་པ་གཅིག་ཏུ་སྡོམ་པའི་ཕྱིར། དྲིལ་བུ་པ་མན་ཆད་བཅུག་གི། ལོ་ཧི་པའི་དབང་དུ་བྱས་ནས། དཱ་རི་ཀ་པའི་སློབ་མ་ཨནྟར་པ་ཡིན་ལ། ཨནྟར་པ་

61a

༄༅།        །དང་རྣམ་རྒྱལ་ཞབས་གཅིག་པས། དེ་ལ་བར་གྱི་རྣམས་མེད་ཀྱང་ཆོག་ཅེས་ས་སྐྱའི་ཡིག་ཆ་རྙིང་པ་ལས་འབྱུང་ངོ་། །དེས་ན་དེས་དཱ་རི་ཀ་པ་ལ་ལོ་ཧི་པའི་དབང་རྒྱུད་མན་ངག་དང་བཅས་པ་ཞུས་ཤིང་། གུ་ཧྱ་པ་དང་། བྷུ་བ་པ་ལ། དྲིལ་བུ་པ་དང་། ནག་པོ་པའི་དབང་གདམས་ངག་དང་བཅས་པ་ཞུས་ནས་ཐུགས་ཉམས་སུ་བཞེས་པས་གྲུབ་པ་བརྙེས་སོ། །དེའི་སློབ་མ་ཏཻ་ལོ་པ་ཡིན་ཏེ། དེ་དང་པོ། རྒྱལ་རིགས་ལས་རབ་ཏུ་བྱུང་སྟེ། མཚན་ཤེས་རབ་བཟང་པོ་ཞེས་བྱ་བར་གསོལ། རིག་པའི་གནས་རྣམས་ལ་སྦྱངས་པའི་མཁས་པ་ཆེར་གྱུར་ནས། བླ་མ་རྣམ་རྒྱལ་ཞབས་ལ་འཁོར་ལོ་སྡོམ་པའི་དབང་བརྒྱུད་མན་ངག་དང་བཅས་པ་ཞུས་དེར་བླ་མས་ལུང་བསྟན་ཏེ། ཤར་ཕྱོགས་བྷང་ག་ལའི་རྒྱུད་ཧ་རི་ཀེ་ལ་ཞེས་བྱ་བ་ཟ་ཧོར་གྱི་གྲོང་ཁྱེར་དེ་ན་སྤྲུལ་པའི་རྒྱལ་པོ་ཨུད་མ་སྐྱེས་པ་ཞེས་པས་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཉེ་བ་ཡོད། དེ་ན་པཉྩ་པ་ཙ་ན་ཞེས་བྱ་བའི་ཚོང་འདུས་ན་སྨད་འཚོང་མ་ཏིལ་བརྡུང་བ་ཞིག་ཡོད་ཀྱི་དེའི་གཡོག་གྱིས་མ་རྟོགས་པ་སྦྱོང་ཞེས་ལུང་བསྟན་ནས་དེར་བྱོན་ཏེ། སྨད་འཚོང་མའི་གཡོག་བྱས་པས་མོས་ཏིལ་བརྡུང་དུ་བཅུག་སྟེ། སློབ་དཔོན་གྱིས་ཏིལ་བརྡུང་ཞིང་ཉམས་སུ་བླངས་པས། ཏིལ་ལ་མར་གནས་ཀྱང་བརྡུང་བ་དང་། བཅིར་བ་མ་བྱས་ན་མངོན་དུ་མི་འགྱུར། དེ་བཞིན་དུ་རང་སེམས་སངས་རྒྱས་

61b

སུ་གནས་ཀྱང་ཉམས་ལེན་མ་བྱས་ན་མངོན་དུ་མི་འགྱུར་བར་དགོངས་ཏེ་ཉམས་སུ་བླངས་པས། དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་རྟོགས་པ་སྐྱེས་ཏེ་རྡོ་རྗེ་འཆང་གིས་མངོན་སུམ་དུ་དབང་བསྐུར་བྱིན་གྱིས་བརླབས་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པོ། །དེར་སྨད་འཚོང་མས་ཁོང་མཚན་མོ་ནམ་མཁའ་ལ་མེ་དཔུང་འབར་བའི་དབུས་ན་འདུག་པ་མཐོང་སྟེ། འགྱོད་ནས་བཤགས་པ་བྱས་རྗེས་སུ་གཟུང་བར་གསོལ་བ་བཏབ་པས་དེར་དབང་བསྐུར་བྱིན་གྱིས་བརླབས་པས། མོས་ཀྱང་དངོས་གྲུབ་ཐོབ་ནས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་འཁོར་བཅས་སློབ་དཔོན་ལ་མཇལ་དུ་འོངས་པ་ལ། ནམ་མཁར་བཞུགས་ནས་ཏིལ་མར་གྱི་དཔེས་མཚོན་པའི་ཆོས་ཟབ་མོ་གསུངས་པས་རྒྱལ་པོ་འཁོར་བཅས་དད་དེ། ཉམས་སུ་བླངས་པས་མཁའ་སྤྱོད་གྲུབ་སྟེ། རེ་ཤིག་ཡུལ་དེ་སྟོང་པར་གྱུར་ཏོ། །ཏིལ་བརྡུང་མཆོག་གི་དངོས་གྲུབ་བརྙེས། །བྷང་ག་ལ་རུ་སངས་རྒྱས་མཇལ། །ཏེ་ལོ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །དེའི་སློབ་མ་ན་རོ་པ་ནི། ཡབ་ཁ་ཆེ་བ་ཡིན། རིགས་བྲམ་ཟེའི་རིགས་ལ་དཀར་ནག་བརྒྱད་ཡོད་པའི་ནང་ནས་བཟང་ཤོས་ནཱ་རོ་ཏ་པ་ཞེས་བྱ་ཡི་རིགས་ཡིན། དེ་དང་པོར་སྒྲ་ལ་སོགས་པའི་རིག་པའི་གནས་ལ་སྦྱངས་བའི་མཁས་པ་ཆེན་པོར་གྱུར་ནས། ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་མཚན་ཛྙཱ་ན་སིདྡྷི་

62a

༄༅།        །ཞེས་པར་གྲགས་ལ། ན་རོ་འགྲེལ་ཆེན་ལས་སྙན་གྲགས་བཟང་པོ་ཞེས་བཤད། དེ་ནས་སྡེ་སྣོད་གསུམ་དང་རྒྱུད་བཞི་ལ་སྦྱངས་ཤིང་རིག་པའི་གནས་ཐམས་ཅད་ལ་མཁས་པའི་ཡོངས་རྫོགས་ཀྱི་པཎྜི་ཏར་གྱུར་ཏེ། དེའི་ཚེ་ན་དཔལ་ན་ལེནྡྲ་ན་མཁས་པའི་སྒོ་དྲུག་ཡོད་པའི་བྱང་སྒོ་བར་གྲགས་སོ། །དེར་ཐོས་བསམ་ཉན་བཤད་ཀྱིས་འགྲོ་བའི་དོན་མཛད་ཅིང་བཞུགས་པའི་ཚེ། བདག་ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་ཀྱང་། རང་གི་སེམས་བ་འཇོ་བའི་ནུ་མ་འཐེན་པའི་ཚོད་ཙམ་དུའང་མི་གནས་པས་སེམས་ལ་དབང་ཐོབ་པའི་གདམས་པ་ཅིག་དགོས་པར་འདུག་སྙམ་སྟེ་གནས་དབེན་པར་དཔལ་འཁོར་ལོ་སྡོམ་པའི་ཉེ་སྙིང་ཡི་གེ་བདུན་པ་ལ་བསྙེན་པ་འབུམ་ཕྲག་བདུན་བྱས་པས་ས་གཡོ་བ་ལ་སོགས་པའི་ལྟས་བྱུང་ནས་ཤར་ཕྱོགས་སུ་བླ་མ་ཏཻ་ལོ་པའི་དྲུང་དུ་སོང་ཤིག་ཅེས་མཁའ་འགྲོ་མས་ལུང་བསྟན་ཏོ། །དེ་ནས་རང་གི་གྲོགས་པོ་ལ་སྦྲན་པས་རིན་ཆེན་རྡོ་རྗེ་ན་རེ། ཁོ་བོ་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོར་གྱུར་ནས། ཀུ་སུ་ལུའི་རྐང་པ་ལ་ཕྱག་མི་འཚལ་ལོ་ཟེར་ནས་འགྲོར་མ་ཉན་ནོ། །དེར་སློབ་དཔོན་ཉིད་ཀྱིས་རྒྱ་གར་ཤར་ཕྱོགས་སུ་བྱོན་ཏེ། དེ་ན་ཛྭ་ར་བི་ཧ་ར་ཞེས་བྱ་བ་དེར་བྱོན་ཏེ། མི་ཐམས་ཅད་ལ་ཏཻ་ལོ་པ་གང་ན་ཡོད་དྲིས་པས། ལ་ལ་ན་རེ་རབ་ཏུ་བྱུང་བའི་ཆ་ལུགས་སུ་བཞུགས་ཟེར་ཏེ་རེས་འདིར་འོང་རེས་སུ་ལ་བི་ཧ་རའི་གཙུག་ལག་

62b

ཁང་དུ་འགྲོ་བ་ཡིན་ཟེར་ཏེ་མ་རྙེད་དོ། །ལན་གཅིག་རིམས་ནད་འཕྲོག་པའི་ལྷ་ཁང་ན་ཐམས་ཅད་ཆོས་སྟོན་ཟ་བའི་ཚེ་དགེ་འདུན་གྱི་གྲལ་བྱེད་པའི་ཕྱི་རོལ་ན་མེ་ཕུང་ཡོད་པའི་དྲུང་དུ། མི་སྔོ་བ་རིད་པ། ཉི་ལྷགས་ཀྱིས་ཁྱེར་བ་འདོམས་དཀྲིས་ཀྱིས་རས་ཙམ་ལས་གོས་མེད་པ་ཞིག་བྱུང་སྟེ། ཉ་རློན་པ་མ་ཤི་བ། ཁ་ཅིག་ཁྱེར་ནས་མེ་གསེབ་ཏུ་བཅུག་ཅིང་བསྲེགས་སོ། །དེ་ན་རོ་པས་མཐོང་སྟེ། དེར་ཕྱིན་ནས་འདི་ལྟར་མ་བྱེད་བྱས་པས། ཉ་བསྲེགས་པ་ཆུར་བཅུག་སྟེ། ཕུས་བཏབ་པས་ཉ་རྣམས་མ་ཤི་བར་སོས་སོ། །དེར་འདི་ནུས་པ་ཐོབ་པ་ཞིག་འདུག་པས་ཏཻ་ལོ་པ་ཡིན་ནམ་སྙམ་པ་ལ་དེ་མཁྱེན་ཏེ། ཡིན་ཡིན་ཅེས་གསུངས་པས་མངོན་ཤེས་མངའ་བར་ཤེས་ཏེ། ཕྱི་བཞིན་དུ་འབྲངས་པས་མི་ཅིག་གིས་རྣལ་འབྱོར་པ་ལ་རས་ཀྱི་སྟོད་གཡོགས་ཤིག་ཕུལ་ཏེ་ལྕགས་ཀྱི་ཐུར་མས་གཟེར་ཏེ་བཏང་བས། དེས་ཐུར་མ་བཏོན་ཏེ་ནཱ་རོ་པའི་གསང་གནས་ཀྱི་བུ་གར་བཅུག་སྟེ་གར་སོང་ཆ་མེད་པར་སོང་། དེར་གསང་གནས་བསྐྲངས་ནས་འགྲོ་མི་ཤེས་པར་ན་བ་ལ་ཏཻ་ལོ་པ་བྱོན་ཏེ་མི་ནའམ་བྱས་པས་སྡུག་བསྔལ་ལོ། །བྱས་པས་ཐུར་མ་བཏོན་ཏེ་ཕྱག་གིས་རེག་ནས། རོ་ག་ན་ཧི། ཕོ་ག་ན་ཧི། ན་བ་མེད་ཚ་བ་མེད་པར་གྱུར་ཅེས་གསུངས་པས་དེ་ལས་གྲོལ་ལོ། །ཡང་ཕྱི་བཞིན་དུ་འབྲངས་པས་ཆུ་མིག་ཅིག་གི་ནང་ན་སྲིན་བུའི་རིགས་གདུག་པ་ཅན་མང་པོ་འདུག་པ་ལ། སློབ་དཔོན་འགྲོར་རུ་མ་བཏུབ་སྟེ། སྐྱེས་བུ་སྙིང་སྟོབས་

63a

༄༅།        །དང་ལྡན་པ་དག་འདི་ལ་ཟམ་པ་བྱེད་ནུས་སམ་གསུངས་པ་ལ། ནཱ་རོ་པས་དེ་ལ་ཟམ་པ་བྱས་ཏེ་དེའི་སྟེང་ནས་སློབ་དཔོན་གཤེགས་ཏེ་ཕར་བཞུད་དོ། །དེར་ནཱ་རོ་པའི་གསུས་པ་ལ་སྲིན་བུས་སོ་བཏབ་སྟེ་ཆུ་བུར་དུ་སོང་བ་ལ། མི་ནའམ་གསུངས་པས། སྡུག་བསྔལ་ལོ་བྱས་པས་སྔར་བཞིན་བྱས་པས་གྲོལ་ལོ། །ཡང་ཕྱི་བཞིན་འབྲངས་པ་ལས། ལམ་ཀ་ན་རྒྱལ་པོ་དང་། རྒྱལ་པོའི་བཙུན་མོ་འཁོར་དང་བཅས་པ་བྱུང་བ་མཐོང་བས་སློབ་དཔོན་ན་རེ། སྐྱེས་བུ་སྙིང་སྟོབས་དང་ལྡན་པ་དག །རྒྱལ་པོའི་བཅུན་མོ་ལ་སེན་མོ་དག་འདེབས་ནུས་པ་ཡོད་དམ་གསུངས་པ་ལས། ནཱ་རོ་པས་བྲམ་ཟེའི་ཆས་སུ་ཞུགས་ཏེ་རིག་བྱེད་འདོན་ཀྱིན་ཕྱིན་ཏེ་བཙུན་མོའི་མགོར་མེ་ཏོག་བཞག་སྟེ་སེན་མོ་བཏབ་པས་འཁོར་རྣམས་ཀྱིས་ནཱ་རོ་པ་བརྡུངས་སོ། །དེར་སློབ་དཔོན་བྱོན་ཏེ་མི་ནའམ་གསུངས་པ་ལ། སྡུག་བསྔལ་ལོ་བྱས་པས་སྔར་བཞིན་བྱས་ཏེ་ན་ཚ་མེད་པར་གྱུར་ཏོ། །ཡང་བློན་པོའི་བཙུན་མོ་འཁོར་དང་བཅས་ཏེ་བྱུང་བ་གཟིགས་ཏེ། སྐྱེས་བུ་སྙིང་སྟོབས་དང་ལྡན་པ་བློན་པོའི་ཆུང་མ་ལ་འོ་བྱེད་ནུས་པ་ཡོད་དམ་གསུངས་པས། ཡང་ནཱ་རོ་པས་སྔར་བཞིན་རྫུས་ཏེ་འོ་བྱས་པས་འཁོར་རྣམས་ཀྱིས་བརྡུངས་ཏེ་སྔར་བཞིན་བྱས་པས་སྡུག་བསྔལ་ལས་གྲོལ་ལོ། །ཡང་ཕྱི་བཞིན་འབྲངས་པ་དང་གྲོང་ཁྱེར་ཞིག་ན་དགའ་སྟོན་ཆེན་པོ་བྱེད་པ་ལ་ཚོད་མ་བསླངས་ཏེ་སློབ་དཔོན་ལ་ཕུལ་བས་དེ་གསོལ་ཏེ་ཤིན་ཏུ་

63b

ཞིམ་མོ་གསུང་བ་ལ། ནཱ་རོ་པས། ད་རུང་གསོལ་བར་འདུག་སྙམ་སྟེ་ཡང་སློང་དུ་ཕྱིན་པས་མ་སྟེར་བ་ལ། ཁོང་གི་ཁྱིམ་དུ་ཕྱིན་ཏེ་སྔར་གྱི་ཚོད་མ་དེ་འདྲ་བ་འདུག་པའི་ཟངས་དང་བཅས་པ་ཁྱེར་ཏེ་བྲོས་ནས་འོངས་པ་ལ་མི་མང་པོས་བརྡུངས་པས་ཟངས་ཀྱང་མ་ཤོར་ཏེ་མི་རྣམས་ན་རེ་བརྐམ་ཆགས་ཅན་ཁྱོད་ཚོད་མ་ཁྱེར་ལ་ཟངས་བྱིན་ཅིག་ཟེར་བས་ཤིང་ལོའི་ཁུད་དུ་ཚོད་མ་བླུག་སྟེ་ཟངས་གཏད་ནས། ཚོད་མ་སློབ་དཔོན་ལ་ཕུལ་བས་དགྱེས་ཏེ་གསོལ་ལོ། །ཡང་ཕྱི་བཞིན་འབྲངས་པས་སྔར་གྱི་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་གསུམ་ཐོག་ཏུ་ཕྱིན་ཏེ། སྙིང་སྟོབས་དང་ལྡན་པ་སུས་འདི་ནས་མར་འཕྱོང་ནུས་གསུང་བ་ལ། ནཱ་རོ་པས་སྡུག་ཀྱང་མྱུར་དུ་བདེ་ནས་འགྲོ་སྙམ་ནས་འཕྱོངས་པས་མི་རྣམས་ན་རེ་འདི་སྨྱོའམ་ཟེར་ཏེ་འཛིན་དུ་བྱུང་བ་ལས། མི་སྟེང་ན་འདུག་པ་ཡ་ཀི་འོང་དུ་ཆུག་ཅིག་ཟེར་ཏེ་བསྡད་པས། སློབ་དཔོན་སྔར་གྱི་མྱུར་དུ་བདེ་ནས་འགྲོ་སྙམ་པ་དེས་ཞག་འགའ་མ་བྱོན། དེར་ཤིན་ཏུ་སྡུག་པས་ཕྱིས་བྱོན་ཏེ། སྡུག་མི་བསྔལ་ལམ་བྱས་པས། སྡུག་བསྔལ་ལོ་ཟེར་དེར་ཚ་བ་དང་ན་བ་མེད་པར་གྱུར་ཅིག་གསུངས་པ་ཙམ་གྱིས་སྡུག་བསྔལ་ལས་གྲོལ་ལོ། ཡང་ཕྱི་བཞིན་འབྲངས་པ་ལས་ནགས་འདབས་ཅིག་ཏུ་བྱོན་ཏེ། དེར་ཤིང་གདུག་པ་ཅན་མང་པོ་ལ་མེ་སྤར་ཏེ་སྙིང་སྟོབས་དང་ལྡན་པ་སུས་ནང་དུ་འཇུག་ནུས་སམ་གསུངས་པ་ལ་ནཱ་རོ་པས་ཞུགས་པས། ལུས་ཆུ་

64a

༄༅།        །བུར་རམ་དེ་བས་ཀྱང་ཐལ་བར་སོང་བ་ལ། སློབ་དཔོན་ན་རེ། སྡུག་བསྔལ་བར་མ་གྱུར་ཏམ་གསུངས་པ་ལ། སྡུག་བསྔལ་ལོ་བྱས་པས། སྔར་བཞིན་དུ་བྱས་པས་སྡུག་བསྔལ་ལས་གྲོལ་ལོ། །ཡང་སྔར་བཞིན་དུ་འབྲངས་པས་མྱ་ངན་གྱི་ཐང་སྟོང་ཞིག་ཏུ་སླེབ་པ་དང་། དེར་ཅུང་ཞིག་མཉམ་པར་འཇོག་པར་བྱས་ནས། དེར་ཁྱོད་ཡུན་རིང་པོར་ཚ་གྲང་ལ་སོགས་པ་གང་ཡང་ཡིད་ལ་མི་བྱེད་པར་དཀའ་བ་སྤྱོད་པ། ཁྱོད་ཅི་དོན་དུ་གཉེར་བ་ཡིན་གསུངས་པ་ལ། ནཱ་རོ་པས། ཁོ་བོ་ནི་ཡང་དག་པའི་གདམས་ངག་འདོད་པ་ཡིན་ནོ་ཞེས་བྱས་པས། འོ་ན་ཡང་དག་པའི་གདམ་ངག་སྦྱིན་གྱིས་མཎྜལ་གྱིས་གསུངས་པ་ལ། ཆུ་མེད་བྱས་པས་རང་གི་དྲི་ཆུས་གྱིས་གསུངས་སྟེ། མཎྜལ་བྱས་ནས་མེ་ཏོག་བཀྲམ་པ་དང་། སློབ་དཔོན་གྱིས་མཎྜལ་གྱི་འཇིམ་པ་ཞིག་བླངས་ཏེ། ནཱ་རོ་པའི་བཞིན་ལ་རྒྱབ་པ་དང་། མི་རྟོག་པ་སྐྱེས་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཚོན་པར་བྱ་བའི་ཕྱིར་བྱིན་གྱིས་བརླབ་པ་མཛད་དོ། །དེ་ནས་དང་པོ་དབང་དང་རྒྱུད་དང་བསྟན་བཅོས་རྣམས་གསུངས། དེ་ནས་གདམས་ངག་བཞི་འཁོར་བའི་གནད་རྩ་རླུང་དང་བྱང་ཆུབ་ཀྱི་སེམས་དང་། བསྐྱེད་པའི་རིམ་པ་ལ་སོགས་པ་མཚོན་བྱེད་ཐམས་ཅད་བསྟན་ནས། མཚོན་བྱའི་དོན་ཞུས་པས། ཀྱེ་ཧོ་འདི་ནི་རང་གི་རིག་པ་ཡིན་ཏེ། ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏི་ལ་

64b

ལོ་པས་ཅི་ཡང་བསྟན་དུ་མེད། །རང་ལ་རང་གིས་བརླན་ཏེ་ཤེས་པར་བྱོས་ཞེས་གསུངས་ཏེ། འདིས་ནི་རྒྱ་མཚོ་དང་འདྲ་བའི་དོན་མཚོན་བྱ་བསྟན་ནས། ཆུ་བོ་དང་འདྲ་བའི་མཚོན་བྱེད་རྩ་རླུང་ལ་སོགས་པའང་གནང་སྟེ། ད་ཁྱོད་པཎྜི་ཏའི་ས་མ་འཛིན་པར་རྣལ་འབྱོར་པའི་ཆས་བཟུང་ལ་སྒྲུབ་པ་ལ་སྙིང་པོར་གྱིས་ཤིག་སྐྱེ་བ་འདིར་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །པཎྜི་ཏའི་ས་བཟུང་སྟེ་རྩོད་པ་བྱས་ན་ཆོས་ལ་སྨོད་པའི་ལྟུང་བ་དྲུག་པ་འབྱུང་སྟེ་དངོས་གྲུབ་མི་ཐོབ་པོ་གསུང་སྟེ་དམ་ཚིག་ཕོག་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ནཱ་རོ་པས་སུ་ལ་བི་ཧཱ་ར་ཞེས་བྱ་བ་མེ་ཏོག་བཟང་པོ་རྣམས་ཀྱང་། དེའི་ཚོན་གྱིས་ཟིལ་གྱིས་ནོན་པས་མེ་ཏོག་གི་མདོག་འཕྲོག་པའི་ལྷ་ཁང་ཞེས་བྱ་བ་དེ་ལ་ཉེ་བའི་བྱང་ཕྱོགས་ན་གྲོང་ཆུང་ཞིག་ཡོད་པ་ན་རྒན་མོ་ཞིག་གིས་བཤོས་འདྲེན་ཅིང་སྒྲུབ་པ་སྙིང་པོར་བྱེད་ཅིང་བཞུགས་པ་ལས། དུས་ནམ་ཞིག་ན་མུ་སྟེགས་གཅེར་བུ་པ་རྣམས་རྩོད་པ་རྒྱལ་ཏེ་སངས་རྒྱས་ཀྱི་བསྟན་པ་འཇིག་པར་གྱུར་པ་ན། རྒྱལ་པོས་པཎྜི་ཏ་ལྔ་བསོགས་ནས་མེ་ཏོག་གི་ཕྲེང་བ་གཏད་པས་སུས་ཀྱང་ལེན་མ་ནུས་ཏེ། རྒྱལ་པོ་ན་རེ་ད་རུང་ཁྱེད་བགྲོས་ལ་རྩོད་པ་གྱིས་ཤིག །གལ་ཏེ་རྩོད་པ་མི་ནུས་ན་གཙུག་ལག་ཁང་གཅེར་བུ་པ་ལ་དབུལ་ལོ་བྱས་པས། པཎྜི་ཏ་རྣམས་གྲོས་བྱེད་པའི་ཚེ། རྒན་མོ་ན་རེ། ངའི་ཁྱིམ་ན་ནཱ་རོ་པ་བཞུགས་ཟེར།

65a

༄༅།        །དེར་དགེ་འདུན་གྱིས་ནཱ་རོ་པ་ལ་གསོལ་བ་བཏབ་པས། སློབ་དཔོན་གྱི་ཞལ་ནས་བསྟན་པ་འཇིག་ལ་ཁད་དམ། ང་ཡོད་པའི་སར་གཅེར་བུ་བ་འོངས་པ་ན། ནཱ་རོ་པས་གཅེར་བུ་པ་ཕམ་པར་བྱའོ་གསུངས་ཏེ། སྔར་སློབ་དཔོན་གྱིས་གསུང་བ་མ་དྲན་ཏེ་ཞལ་གྱིས་བཞེས་སོ། །དེར་གཅེར་བུ་པ་འོང་མ་བཏུབ་པ་ལ། ཁོའི་ལྷ་ཁང་གི་དྲུང་དུ་རྒོལ་བ་དང་། ཕྱིར་རྒོལ་བ་དང་། དཔང་པོ་རྒྱལ་པོ་དང་གསུམ་གྱི་ཁྲི་བཤམས་ཏེ་རྩོད་པ་བྱས་པས། སློབ་དཔོན་ཅུང་ཟད་ཞན་ཞན་འདྲ་བས་སློབ་དཔོན་གྱི་ཐུགས་ལ་ང་ལྟ་བུའི་སྨྲ་བའི་དབང་ཕྱུག་ཞན་པ་ལྟར་འདུག་པ་འདི་ཅི་ཡིན་སྙམ་སྟེ་བསམས་པས། སླར་སློབ་དཔོན་གྱི་གསུང་བཅག་འདུག་པའི་ཉེས་པ་དྲན་ཏེ། བཟོད་གསོལ་བྱས་ཡིད་ཀྱིས་གསོལ་བ་བཏབ་པས། སློབ་དཔོན་ཏཻ་ལོ་པ་ཕྱག་གཡོན་པ་མིའི་ཐོད་པ་བཅད་མ་ཁད་ཅིག་ཐོགས་ཏེ་བྱོན་པ་ལ། ནཱ་རོ་པས་ཕྱག་བརྩལ་བས་གཅེར་བུ་པ་ན་རེ་སངས་རྒྱས་པ་སྙིང་རྗེ་དང་བྲལ་བ། སྲིན་པོའི་གཟུགས་ཅན་འདི་ལྟ་བུ་ལ་ཕྱག་འཚལ་བ་དེ་ཉིད་ཕམ་པའི་གནས་སུ་གྱུར་ཏོ་ཞེས་ཟེར། སློབ་དཔོན་ཏཻ་ལོ་པའི་ཞལ་ནས་ཕམ་ཕམ་ཅེས་ཟེར། ཁོའི་ལྷ་ཁང་རྟེའུ་ལ་ཞེས་བྱ་བ་མཆོད་རྟེན་གྱི་གཟུགས་འདྲ་བ་ཟུར་བརྒྱད་པ། སུམ་ཐོགས་ཡོད་པ་ལ། སྡིགས་མཛུབ་ལན་གསུམ་བྱས་པས། ཐོག་གསུམ་ཀ་འགྱེལ་ཏེ་གཅེར་བུ་བ་རྣམས་སྐྲག་ནས། ཐམས་ཅད་

65b

ཀྱིས་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་ཏེ་སྐྱབས་འཚལ་ལོ། །གཅེར་བུ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་དོ། །དེ་ནས་སློབ་དཔོན་གྱི་ཞལ་ནས། ནཱ་རོ་པ་ལ་ཁྱོད་ཀྱིས་སྐྱེ་བ་འདི་ལ་མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་བ་མེད་ཀྱིས། ད་ཁྱོད་ཀྱིས་ཆོས་སྟོན་ཅིག་དང་། དེས་འགྲོ་བ་མང་པོ་ལ་ཕན་པར་འགྱུར་ཏེ། ཁྱོད་བས་ཀྱང་སློབ་མ་དང་། དེའི་ཡང་སློབ་མ་ལ་སོགས་པ་ན་མར་རིམ་པ་བཞིན་ཕན་ཇེ་ཆེ་ཇེ་ཆེར་འགྱུར་ལ། བར་དོར་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེར་ནཱ་རོ་པས་ཀྱང་བཤད་པ་དང་། སྒྲུབ་པ་གཉིས་ཀ་མཛད་ཅིང་བསྒོམ་པས། རྟོགས་པ་སྐྱེས་ཏེ། གླུ་བླངས་པ་ནི། འཆར་བ་མེད་ཅིང་ནུབ་པ་མེད། །ཉིན་མོ་མེད་ཅིང་ནུབ་མོ་མེད། །བླ་མའི་རྟོགས་པས་རྨོངས་པ་བཅད་དེ་སོང་། །གར་འགྲོ་གང་དུ་གནས་པ་མ་ཤེས་ཏེ། །བདེ་ཆེན་གྱིས་ནི་དབང་པོའི་གྲོང་འདི་བཅོམ། །བསམ་དུ་མེད་པའི་རྣལ་འབྱོར་དེ་ལས་སྐྱེས། །དེ་ལས་བདག་གིས་ཅི་ཞིག་བསམ་པར་བྱ། །ཕྱོགས་རྣམས་གཏོང་ཞིང་རང་ཡང་རྣམ་པར་བྲལ། །གང་བལྟས་དེ་ནི་རྟག་ཏུ་དེ་ཡིན་ཏེ། །གཉུག་མའི་ཡིད་ནི་གདོད་ནས་སྟོང་པར་སོང་། །རྒྱུ་དང་འབྲས་བུ་བཏང་སྙོམས་དག་ཏུ་དོར། །འདི་ཡི་ཁྱད་པར་ཏཻ་ལོ་པ་དཔང་ངོ་ཞེས་གསུངས་སོ། །དེ་ལྟ་བུའི་སློབ་དཔོན་དེ་འང་རྒྱལ་པོ་དཔུང་དང་བཅས་པ་རེངས་ནུས་པ་དང་། ཚོགས་ཀྱི་

66a

༄༅།        །འཁོར་ལོ་ལ་སོགས་པའི་དུས་སུ་ཆང་དང་ཤིང་ཐོག་ལ་སོགས་པ་འགུགས་ནུས་པ་དང་། སྦྱིན་བསྲེག་གི་ཐབ་ཁུང་དུ་ལྷ་སུམ་ཅུ་རྩ་བདུན་ཞལ་ལྟ་ནུས་པ་དང་། ཏིང་ངེ་འཛིན་གྱི་རྟོགས་པ་བརྟན་པོ་ཐོབ་པས་དངོས་གྲུབ་ཐོབ་པར་གྲགས་ཤིང་། ཕྱིས་སྐུ་གཤེགས་ཏེ་སྤུར་སྦྱངས་པའི་ཤུལ་དུ་འང་ཟླ་བ་རེ་རེ་ཞིང་གཤེགས་པའི་དུས་སུ་ལྷའི་མཆོད་པ་འོང་སྟེ། རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་དིང་སང་གི་བར་དུ་ཀུན་གྱིས་མཐོང་ཞིང་ཐོས་པར་འོང་བ་ཡིན་ནོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པས་སློབ་དཔོན་ཆེན་པོ་དེས་དགྱེས་རྡོར་གྱི་འགྲེལ་པ། དབང་མདོར་གྱི་འགྲེལ་པ། ཕག་མོ་མཁའ་སྤྱོད་ལ་སོགས་པའི་སྒྲུབ་ཐབས་མཛད་དོ། །དེ་ལ་རང་དང་མཚུངས་ཤིང་ཆེ་བར་གྲགས་པ། གྲུབ་ཐོབ་ཀྱི་སློབ་མ། དཔལ་ཌོཾ་བི་བ་དང་། ཤནྟི་པ་དང་། མངའ་བདག་རྒྱལ་བ་མཻ་ཏྲི་པ་ལ་སོགས་ཆེ་བར་གྲགས་པ་བདུན། ཞི་བ་བཟང་པོ་དང་ཞི་བའི་གོ་ཆ་ལ་སོགས་པ་པཎྜི་ཏའི་སློབ་མ་མང་པོ་ཡོད་པ་དེའི་ནང་ནས། ཤནྟི་པ་སྒོ་དྲུག་གི་ནང་ནས་མཉམ་པོ་ཡིན་ཡང་ནཱ་རོ་པའི་ཞབས་ལ་གཏུགས་ནས་བདེ་མཆོག་འཁོར་ལོ་དཀྱིལ་འཁོར་དུ་དབང་ཞུས། རྒྱུད་མན་ངག་དང་བཅས་པ་མནོས། མ་ཧཱ་མ་ཡའི་དབང་རྒྱུད་གདམས་ངག་དང་བཅས་པ། གནས་བརྟན་བྱང་ཆུབ་བཟང་པོ་ལ་དཔལ་ཀྱེའི་རྡོ་རྗེའི་དབང་རྒྱུད་གདམས་ངག་དང་བཅས་པ་མནོས་ཏེ་ཐུགས་ཉམས་སུ་བཞེས་ཤིང་། ཐམས་ཅད་མཁྱེན་པ་གཉིས་

66b

པ་ལྟ་བུར་གྲགས་ལ། དེས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ། མ་ཧཱ་མཱ་ཡ་དང་། གཤིན་རྗེ་གཤེད་ནག་དང་། ནམ་མཁའ་དང་མཉམ་པའི་རྒྱུད་དང་། ཐམས་ཅད་གསང་བའི་རྒྱུད་ལས་སོགས་པའི་རྒྱུད་མང་པོ་ལ་འགྲེལ་པ་མཛད། ཉི་ཁྲི་དང་བརྒྱད་སྟོང་པ་ལ་སོགས་པ་མང་པོ་ལ་འགྲེལ་པ་མཛད། མདོ་སྡེ་རྒྱན་ལ་སོགས་པ་བསྟན་བཅོས་མང་པོ་ལ་འགྲེལ་པ་མཛད་ནས། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལ་འགྲེལ་པ་མཛད་པར་རྩོམ་པའི་ཚེ་ན། རྨི་ལམ་དུ་རྡོ་རྗེ་ཕག་མོས་ཞལ་བསྟན་ནས། ཀླ་ཀློའི་སྐད་ཀྱིས་ཤིན་ཏུ་སྦས་པའི་རྒྱུད་འདི་གསལ་བར་མ་འགྲོལ་བར་དོན་ཟབ་མོ་ཉམས་སུ་ལོང་ཤིག་ཅེས་བཀག་པ་དང་། གནང་བའི་ལུང་བསྟན་གཉིས་ཐོབ་ནས། དོན་ཕྱི་རུ་ཉན་ཐོས་ཀྱི་སྤྱོད་པ་མཛད། ནང་དུ་དོན་ཟབ་མོ་ཉམས་སུ་བླངས་པས་གྲུབ་པ་བརྙེས་པ་ཡིན་ཏེ། རྡོ་རྗེ་གདན་པས། རྒྱལ་རིགས་སྤྱོད་པ་མཐར་ཕྱིན་ནས། །འདུལ་འཛིན་གསང་སྔགས་དངོས་གྲུབ་བརྙེས། །ཤཱནྟི་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །དེའི་སློབ་མ་ཇོ་བོ་རྗེ་ཡིན་ཏེ། དེའི་རྣམ་ཐར་ལོགས་ན་ཡོད་པ་དེར་ཤེས་པར་བྱ་ཞིང་། ཇོ་བོ་རྗེ་ལ། བདེ་མཆོག་ཞུས་པའི་བླ་མ་གསུམ་ཡོད་པས། དང་པོར་བླ་མ་ཤཱནྟི་པ་ལ་བདེ་མཆོག་གི་དབང་རྒྱུད་མཁས་པ་པཎྜི་ཏའི་བཤད་པ་ཡན་ལག་དང་བཅས་པ་མནོས་ནས་མཁས་པར་སྦྱངས། དེ་ནས་དཱ་རི་ཀ་པའི་སློབ་མ་

67a

༄༅།        །བྲམ་ཟེ་སྡོམ་པ་བཟང་པོ་ཞེས་བྱ་བ་ལ་བདེ་མཆོག་ལོ་ནག་གཉིས་ཀའི་དབང་རྒྱུད། གདམས་ངག་ཟབ་དོན་མཐར་ཐུག་དང་བཅས་པ་མནོས་ནས་ཐུགས་ཀྱི་རྒྱུད་ཚིམ་པར་མཛད། དེ་ནས་དཔལ་མཆོག་ཌོམྦི་བ་ལ་བདེ་མཆོག་ཡབ་བཀའ་དང་ཁྱད་པར་རྗེ་བཙུན་མ་ཞལ་གཉིས་མ་དང་ནཱ་རོ་མཁའ་སྤྱོད་ལ་སོགས་པའི་ཡུམ་བཀའི་བྱིན་རླབས་ཉམས་ལེན་ཟབ་དོན་མཐར་ཐུག་མནོས་ནས་ཐུགས་ཉམས་སུ་བཞེས་པས་རྗེ་བཙུན་མའི་ཞལ་གཟིགས་གནང་བ་ཐོབ་པར་གྲགས། དེས་རྗེ་བཙུན་མ་རིན་ཆེན་རྒྱན་གྱི་སྒྲུབ་ཐབས་ལོ་ཧི་པའི་འགྲེལ་པ། ལྷ་བཅུ་གསུམ་མའི་སྒྲུབ་ཐབས། ལྷ་ལྔ་མའི་སྒྲུབ་ཐབས། དཔའ་བོ་གཅིག་པའི་སྒྲུབ་ཐབས། རྫོགས་རིམས་ལ། རྡོ་རྗེ་གདན་གྱི་གླུ། ཆོས་ཀྱི་གླུ་ལ་སོགས་པ་མང་དུ་མཛད་དོ། །ནཱ་རོ་པའི་སློབ་མ་ཁྱད་པར་དུ་ཡུན་རིང་དུ་བསྟེན་ཅིང་མཉེས་པར་བྱས་པ་བཞི་སྟེ། པྲཛྙཱ་རཀྵི་ཏ་དང་། མ་ཎི་ཀ་ཤྲཱི་དང་། ཁ་ཆེ་བྱང་ཆུབ་བཟང་པོ་དང་། བལ་པོ་ཕམ་མཐིང་པ་དང་བཞིའོ། །དང་པོས། པྲཛྙཱ་རཀྵི་ཏའི་ཆོས་བཞིར་གྲགས་པ་དང་། དཀྱིལ་ཆོག་དང་ཚ་ཚའི་ཆོ་ག་ལ་སོགས་པ་མཛད། མ་ཎ་ཀ་ཤྲཱིས་ཀྱང་། བདེ་མཆོག་དཔའ་བོ་གཅིག་པའི་སྒྲུབ་ཐབས་མཛད་དོ། །དཔལ་ཕམ་མཐིང་པ་སྐུ་མཆེད་བཞི་ཡིན་ཏེ། དེའང་རིགས་འབའ་བོ་བྱ་བ་ཡིན་ལ། མཆེད་རྣམས་ཀྱི་ཆེ་ཤོས་དགེ་སློང་དྷརྨཱ་མ་ཏི་ཆོས་ཀྱི་བློ་གྲོས་བྱ་བ་

67b

ཡིན་ཏེ། དེས་དཔལ་ནཱ་རོ་ཏ་པའི་སྤྱན་སྔར་ལོ་བཅུ་གཉིས་བཞུགས་ཏེ་གདན་འདྲེན་དུ་དེའི་འོག་མ་དགེ་སློང་འཇིགས་མེད་གྲགས་པ་བྱ་བས་བྱོན། ཁྱེད་ངའི་བླ་མའི་སྤྱན་སྔར་སྡོད་ཅིག །ཁོ་བོ་ལ་བླ་མའི་ལུང་བསྟན་ཡོད་པས་རྒྱ་ནག་རི་བོའི་རྩེ་ལྔ་ལ་འགྲོ་ཟེར་ནས་བཞུད་དེ། ཕྱིས་འདི་གར་སོང་ཆ་མེད་དོ། །དེ་ནས་འཇིགས་མེད་གྲགས་པས་ནཱ་རོ་པའི་སྤྱན་སྔར་ལོ་དགུ་བཞུགས། དཔལ་ཀྱེའི་རྡོ་རྗེ་ལ་སོགས་པའི་གསང་སྔགས་ཕལ་ཆེ་བ་བསླབས། ཁྱད་པར་དུ་འཁོར་ལོ་བདེ་མཆོག་གི་སྒོ་ནས་དམན་པ་འབྲིང་གི་དངོས་གྲུབ་ཀྱང་ཐོབ་པར་མཛད་དོ། །དེ་ལ་བལ་ཡུལ་ན་ཨ་དེས་པ་ཆེན་པོ་ཞེས་གྲགས། བལ་པོ་ཕམ་མཐིང་པ་ཞེས་བོད་ལ་གྲགས་སོ། །དེའི་འོག་མ་དུས་འཁོར་བ་ཡང་ཟེར། བལ་པོ་མཻ་ཏྲི་པ་ཡང་ཟེར་ཏེ། དེས་གཅེན་པོ་སྤྱན་འདྲེན་དུ་བྱོན་པས། དེས་ཀྱང་ནཱ་རོ་པ་ལོ་ལྔ་བསྟེན་ནོ། །དེ་སྤྱན་འདྲེན་དུ་ཆུང་ངུ་ཐང་ཆུ་བ་བྱ་བས་ཕྱིན་པས། དེས་ཀྱང་དཔལ་ནཱ་རོ་པ་ལ་དབང་བསྐུར་བ་ཙམ་ཐོབ་པོ། །རྒྱུད་དང་གདམས་ངག་མང་དུ་གསན། ཐམས་ཅད་ནི་མ་ཚར་ལོ། དེ་ལ་ཕམ་ཐིང་པའི་ཆེ་བའི་ལོ་རྒྱུས་ལ་གཅུང་པོ་ལ། གཅེན་པོ་ན་རེ། ཁྱེད་ངག་གི་དབང་ཕྱུག་སྒྲུབ་གསུངས་ནས་དེས་ཀྱང་སྒྲུབ་པ་མང་དུ་བྱས་ནས། སྒྲུབ་གཡོག་དང་བཅས་ཏེ་ཕྱིན་ནས་མེ་ཏོག་འབབ་ཆུ་ལ་བསྐུར་བས་དངོས་གྲུབ་ཆེན་པོའི་མེ་ཏོག་

68a

༄༅།        །ཡར་ལོག་ནས་བྱུང་བ་ཇོ་བོ་ཡེངས་ཏེ་མ་མཐོང་འབྲིང་གི་མེ་ཏོག་གཉིས་པ་ལོག་པ་ཡང་མ་མཐོང་། ཐ་མ་གསུམ་པ་ལ་སྒྲུབ་གཡོག་བལ་པོ་བྷ་དན་ཏས་བྱེད་པས་ཁོང་གིས་མཐོང་སྟེ་རང་བཏུང་ངམ་སྙམ་པ་ལ། བླ་མ་མ་མཉེས་ཀྱི་དོགས་ནས་བྱུང་ངོ་བྱས་པས་ཚོར་ཏེ། མར་ལོག་པ་ལ་འཐུངས་པས། ངག་གི་དབང་ཕྱུག་ཆེ་འབྲིང་གཉིས་མ་ཐོབ་ཀྱང་། ཆུང་ངུ་ཚིགས་བཅད་རྩོམ་པ་དང་འཛིན་པ་ཐོགས་མེད་ཙམ་བྱུང་ངོ་། །དེ་ལ་ཕྱིས་ངག་གི་དབང་ཕྱུག་ཅེས་གྲགས་སོ། །སྒྲུབ་གཡོག་པས་ཀྱང་དངོས་གྲུབ་ཕམ་ཕབས་ཙམ་ཐོབ་པས་ཐོས་པ་འཛིན་པར་གྱུར་ཏོ། །ངག་གི་དབང་ཕྱུག་ལ་ཕམ་མཐིང་པའི་ཞལ་ནས། ཁྱོད་ཀློག་སྐྱ་ཤེས་རབ་བརྩེགས་པ་དང་འགྲོགས་ལ་བོད་དུ་སོང་ལ་འདིར་རྒྱུན་གཞག་གི་མེ་དང་ཚེས་བཅུའི་མཆོད་པ་མ་ཆག་པར་འཛུགས་པའི་ཆ་རྐྱེན་ཚོལ་གསུངས་ནས། ཐང་ཆུང་བས་ཀློག་སྐྱ་དང་འགྲོགས་ཏེ་གཉལ་ཡན་ཆད་དུ་བྱོན་ཇོ་བོ་བྷ་དན་ཏ་དེའི་དུས་སུ་གཡོག་པོར་ཡོད་པ། རོང་ངུར་སྨྲིག་ཏུ་རྟ་གསོ་ཞིང་། ཞར་ལ་དགེ་བཤེས་བྲང་ཏི་ལ་མངོན་པ་བོད་སྐད་དུ་གསན་པས་ཚར་གཅིག་གིས་ཐུགས་སུ་ཆུད་ནས། རྩོད་པའི་སྒོ་ནས་སློབ་དཔོན་ཡང་ཕམ་པར་བྱས་སོ། །ཡར་བཞུད་ཀ་རུ་ང་ཕྱིས་པཎྜི་ཏ་བྱས་ནས་འོངས་ཙ་ན། སློབ་དཔོན་གྱིས་ང་ལ་སྣ་ལེན་གྱིས་ཤིག་ཟེར་ཏེ། ཕྱིས་ཡོངས་

68b

སུ་རྫོགས་པའི་པཎྜི་ཏ་ཆེན་པོར་གྱུར་ཏེ། དེ་ཙ་ན་ཐམས་ཅད་མཁྱེན་པ་ཆུང་ངུ་ཞེས་གྲགས་སོ། །དེར་གསེར་སྲང་ལྔ་བརྒྱ་ཙམ་རྙེད་དེ་ལོག་ནས་ཕྱིན་ཏེ། རྒྱུན་གཞག་དང་ཚོགས་ད་ལྟའི་བར་དུ་མ་ཆགས་པ་ཡོད་པ་ཡིན་ནོ། །དུས་ཕྱིས་ངག་དབང་ལ་ཤ་བཀྲའི་ནད་བྱུང་སྟེ། དེ་བོད་དུ་བྱོན་པའི་དུས་སུ། བདེ་མཆོག་གི་བྲིས་སྐུ་འོངས་པ་ལ། དེའི་དུར་ཁྲོད་བརྒྱད་ལ་ཀླུ་བརྒྱད་རིག་མ་དང་བཅས་པ་ཡོད་པ་ལ་ཞལ་ཁེབས་ཆུང་བས་མ་ཁེབས་ཏེ། སྣོད་མིན་གྱིས་མཐོང་བས་ལན་ཏེ། སེང་གེ་སྒྲའི་སྒྲུབ་པ་མཛད་པས་ནད་དེ་ལས་གྲོལ་ལ། དེ་ནས་ཕྱིས་རྣལ་འབྱོར་པའི་ཆ་ལུགས་ཀྱིས་སྒྲུབ་པ་བྱེད་ཅིང་ཡོད་པ་ལ། ལན་གཅིག་ཏེ་ཏེའི་ཐང་ལ་བསྡད་ཙ་ན། རྒྱལ་པོའི་བཙུན་མོ་ཤིང་ཀུན་ལ་མཆོད་པ་བྱས་ཏེ་བྱུང་བ་ལ། དེ་ལ་ཞྭ་མ་ཕུད་པས་བཙུན་མོའི་འཁོར་རྣམས་ཀྱིས་བརྡུངས་པས་འགྲོ་མ་ནུས་ནས་ཐང་ལ་རོ་བཞིན་དུ་སོང་ངོ་། །དེ་ཁྱིམ་དུ་མ་བྱུང་སྟེ་བཙལ་བས་ཐང་སྟོང་ལ་རོ་བཞིན་དུ་འདུག་པ་ཁྱོགས་ལ་བཏེག་སྟེ་འོངས་སོ། །དེར་ཕམ་ཐིང་པའི་ཞལ་ནས་ཁྱོད་ཀྱང་འཇིག་རྟེན་པའི་ཡུལ་ཆོས་དང་འགལ་བ་བྱ་བའི་དོན་མེད། བཙུན་མོའི་འཁོར་རྣམས་ཀྱང་རྣལ་འབྱོར་པ་མིའི་ཁོངས་སུ་མ་ཚུད་པས། བརྡུང་བའི་དོན་མེད་པ་ཡིན་ཏེ། ད་འདི་ལ་ནུས་པ་མ་བསྟན་ན་བསྟན་པ་ལ་གནོད་གསུངས་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་

69a

༄༅།        །མ་གཉིས་བཤམས་ཏེ། སྒོ་དམ་པར་བསྡམས་ནས། ང་ལ་སུའང་མ་འབོད་གསུངས་ནས་མཉམ་པར་བཞག་གོ། །དེར་རྒྱལ་པོའི་བཙུན་མོ་རང་གི་ཁང་པར་ཕྱིན་པ་དང་སྨྱོ་སྟེ། ལུས་ངག་རེངས་པར་གྱུར་པ་དང་། དེ་ཅིས་ཉེས་བྱས་པས་འཁོར་རྣམས་ཀྱིས་ལོ་རྒྱུས་བསྙད་པས་དེས་ལན་པར་ཤེས་ནས་མོས་གུས་བྱས་པས་གྲོལ་ཏེ། འབྲས་མི་ཁུར་བཞི་བཅུ་དང་། དེའི་ཆ་རྐྱེན་དང་བཅས་པ་ཕུལ་ནས་བཟོད་གསོལ་བྱས། རྒྱལ་པོ་དང་བཙུན་མོ་གཉིས་ཀས་ཞབས་ལ་འཇུས་དབང་ཞུས་ཏེ་བསྐུར་ནས་བཙུན་མོའི་དོན་དུ་གོ་ཆའི་དཔའ་བོ་དྲུག་གི་སྒྲུབ་ཐབས་དང་བསྟོད་པ་གཅིག་ཀྱང་མཛད། རྒྱ་གར་དུ་ཁྱེར་ནས་བསྟན་པས་སྒྲ་ཚད་སུ་མཁས་ཀྱང་དེ་ལ་སྐྱོན་མ་ཐོགས་སོ། །དེའི་དུས་སུ་ནཱ་རོ་པ་ནི་མི་བཞུགས། སྔགས་པ་ལ་ལན་གཅིག་འཛམ་གླིང་ན་ཁོང་པས་ཆེ་བ་མེད་པར་གྲགས་སོ། །ཡང་ཁོང་ཕྱི་པའི་ཤ་ལ་མཉེས་པས་བོད་རྣམས་ཀྱིས་དེ་ཁྱེར་ཏེ་དུས་ཀྱི་མཆོད་པ་ལ་ཕྱིན་ཏེ། །གཏོར་མ་ལ་ཕུལ་བས། དེ་གཏོར་སྐྱེལ་གྱིས་ཁར་བཅུག་པས་སྨྱོ་སྟེ། ཧ་ཧ་ཧི་ཧི་ཞེས་ཟེར་ཞིང་གཏོར་མ་ལག་པས་བཟུང་སྟེ་སླར་ལོག་ནས་བྱུང་བ་ལ་བལྟས་པས་ཁ་ན་འཕྱི་པའི་ཤ་འདུག་པ་ཕྱུང་བས་ཞིའོ། །ཡང་དེའི་དུས་སུ་བྲུ་ཤ་སེར་པོ་དང་། འ་ཞ་རྒྱ་གར་བརྩེགས་བྱ་བ་གཉིས་ཀྱིས་ཕྱིན་ཏེ། ཇོ་བོ་ལ་བདེ་མཆོག་རྩ་རྒྱུད་ཞུས་པས།

69b

ཇོ་བོ་ན་རེ། ཁྱེད་ང་ལ་དབང་བསྐུར་ཞུ་ན། ངས་སློབ་མ་ལ་བཤད་པ་བྱ། མི་བྱེད་ན་ཚོགས་པ་ལ་བཤད་པ་བྱ་བྱས་པས་དབང་བསྐུར་ཞུ་མ་ནུས་པས་ཚོགས་པ་ལ་བཤད་པ་ལས་མ་གནང་ངོ་། །དེར་ཡི་གེ་ཐུ་བའི་དུས་སུ་ཚོགས་འཁོར་བྱས་པའི་སར་ཁོང་གཉིས་ཀྱིས་གླུ་བླངས་ཏེ། སྒྲ་ཙམ་དོན་ལ་མེད་པ་དེ། །བལ་པོ་ཕམ་ཐིང་མ་ཡིན་ནམ། །བླུན་པོ་ཁྱོད་ལ་ཅི་བྱ་ཡོད། །ངེད་རང་རྒྱ་གར་ཡུལ་དུ་འགྲོ། །བྱས་ཤིང་གླུ་བླངས་པས། འཇིག་རྟེན་པའི་གཏོར་མ་ནི། ནམ་མཁའ་ལ་འཕར་ཞིང་འདུག་པས། ཇོ་བོ་ན་རེ། འདི་ཅི་ཡིན་གསུངས་པ་ལ། བལ་པོ་བོད་སྐད་ཤེས་པ་གཅིག་ན་རེ་འདི་སྐད་ཟེར་ཞིང་འདུག་བྱས་པས། ཇོ་བོ་ན་རེ་བདེན་ཁ་ནིང་ང་ལ་དབང་བསྐུར་ཞུས་ངས་སློབ་མ་ལ་བཤད་པ་བསྟན་བྱས་པས་ཁྱེད་རང་གིས་མ་ནུས་པ་ཡིན་པས་ད་ཁྱེད་རང་སོང་གསུངས་ནས་ཕྱིན་པས་གཉིས་ཀ་གང་གཱ་མ་རྒལ་བར་ཉིན་ཞག་ཕྱེད་ཀྱི་ནད་ཀྱིས་ཤིའོ། །ཡང་ནགས་གསེབ་ན་མར་སྦྲུལ་ལ་ཆིབས་ཏེ་བྱོན་པ་དང་། ཡང་བལ་ཡུལ་གྱི་བྱང་ཕྱོགས་དེར། ཙཎྜི་ཀའི་སྐུ་རང་བྱུང་ཞིག་བྱུང་། དེ་ལ་རྩིས་མཁན་རྣམས་ན་རེ་འདི་ལ་སྲོག་ཆགས་བྱེ་བ་གཅིག་གིས་མཆོད་སྦྱིན་མ་བྱས་ན། ལོ་གསུམ་ནས་བལ་པོའི་ཡུལ་སྟོང་ནས་འགྲོ་ཟེར། དེར་རྒྱལ་པོ་བྲེད་ནས་སྲོག་ཆགས་བྱེ་བ་ཅིག་ནི་མེད། ཇི་ལྟར་བྱ་སྙམ་པ་དང་བླ་མ་ཕམ་

70a

༄༅།        །ཐིང་པ་ལ་ཞུ་བ་མིན་པ་ཐབས་མེད་སྙམ་སྟེ་ཞུས་པས་གནང་ནས་སྦྱིན་བསྲེག་གི་ཡོ་བྱད་སྐྱོལ་ཅིག་གསུངས་ནས། རྒྱལ་པོས་ཏིལ་མི་ཁུར་བཅོ་བརྒྱད་དང་བཅས་པའི་ཚོགས་ཀྱི་འཁོར་ལོ་དང་སྦྱིན་སྲེག་གི་ཡོ་བྱད་བསྐྱལ་ནས་སྦྱིན་སྲེག་མཛད་པའི་དུས་སུ་སྒྲུབ་གཡོག་དང་ཀུན་གྱི་ཐུན་མོང་དུ་མཐོང་བ་རུ། ཐབས་ཀྱི་ནང་ན་ཙཎྜི་ཀའི་སྐུ་འདུག་པ་ལ་ཕྱག་ཏུ་ཏིལ་ཞག་པ་རྣམས་ཏིལ་རེ་རེ་འང་། ར་དང་ལུག་ལ་སོགས་པའི་སྲོག་ཆགས་སུ་སོང་ནས། དེ་ཙཎྜི་ཀའི་ཁར་སྟེར་བ་ཐམས་ཅད་ཀྱིས་མཐོང་ནས། དེས་ཙཎྜི་ཀས་གནོད་པ་མེད་པ་ཡིན་ནོ། །གཞན་ཡང་ཇོ་བོས་ཚོགས་ཀྱི་དུས་སུ་ཆང་འགུགས་ནུས་པ་དང་། ཤིང་ཐོག་འགུགས་ནུས་པ་ལ་སོགས་པ་དམན་པ་དང་འབྲིང་གི་དངོས་གྲུབ་བསམ་གྱིས་མི་ཁྱབ་པ་ཐོབ་པ་ཡིན་ནོ། །དེ་ལྟ་བུ་དེ་ལ་སློབ་མ་མང་ཡང་། གཙོ་བོར་གྱུར་པ་སུ་མ་ཏི་ཀཱིར་ཏི་ཞེས་པ་བློ་གྲོས་བཟང་པོར་གྲགས་པ་སྟེ། ཡོངས་སུ་གྲགས་པ་བལ་པོ་བྷ་དན་ཏ་ཞེས་པས་གསན་ནོ། །དེ་ཡང་སྔར་བསྟན་པ་བཞིན་དུ་ཐོས་པ་འཛིན་པའི་དངོས་གྲུབ་བརྙེས་ཤིང་ཕུལ་དུ་བྱུང་བའི་མཁས་པ་ཆེན་པོ་ཡིན་ལ། སྒྲུབ་པའི་སྒོ་ནས་བསྐྱེད་རིམ་ལ་བརྟན་པ་ཐོབ་ཅིང་ཐུན་མོང་གི་དངོས་གྲུབ་ཅི་རིགས་པ་འང་གྲུབ་པོ། །འོན་ཀྱང་དུས་ཕྱིས་བལ་པོར་མུ་སྟེགས་ཀྱི་པཎྜི་ཏ་ཞིག་དང་། རྣལ་འབྱོར་མ་ཙཎྜ་ལི་ཅེས་

70b

པ་གཉིས་དང་རྩོད་པ་བྱས་ཏེ། གང་ཕམ་པའི་མགོ་ལ་ལྕང་ལམ་འཇོག་པར་བྱས་ཏེ། དེར་བླ་མ་རྒྱལ་ནས་ཁོང་གཉིས་ཀྱི་མགོ་ལ་ལྕང་ལམ་བཞག་པས་དེ་གཉིས་ཁྲོས་ཏེ། ཁྱོད་ཕྱིའི་རྒྱ་མཚོ་ལ་ཐུག་གི་བར་དུ་བསྐྲད་ཀྱིས་ཟེར་བ་ལ། བླ་མ་ན་རེ། ང་ཤྲཱི་ཙཀྲ་སམ་བ་རའི་རྣལ་འབྱོར་པ་ལ་ཁྱོད་ལྟ་བུའི་རྣལ་འབྱོར་པས་གནོད་པ་བྱ་བར་ནུས་སམ་གསུངས་སྟེ། སྲུང་འཁོར་ལ་སོགས་པ་མ་བྱས་པར་བཏང་སྙོམས་སུ་གཞག་གོ། །ཁོང་གཉིས་ཀྱིས་ཙཎྜི་ཀའི་བསྐྲད་པའི་འཁོར་ལོ་བྱས་པས་ལན་ནམ་ཟེར་ཏེ། དེ་ནས་སྐབས་ཞིག་ཏུ། བླ་མའི་ཞལ་ནས། ང་རྒྱ་ནག་རི་བོ་རྩེ་ལྔ་རུ་དངོས་གྲུབ་ཀྱི་རྫས་འགའ་ཞིག་ཚོལ་དུ་འགྲོ་གསུངས་ནས་སུ་ཡིས་གཤོལ་བཏབ་ཀྱང་མ་གསན་ཏེ། བོད་ན་ཚུར་བྱོན་ཏེ། རིམས་ཀྱིས་མི་ཉག་འགར་སླེབ་པ་དང་བསོད་ནམས་ཆེན་པོ་བྱུང་ནས། མི་ཉག་གིས་བཞུགས་པར་ཞུས་ཏེ། རྒྱལ་པོ་ལ་དབང་བསྐུར་བའི་བླ་མ་མཛད་ཅིང་བཞུགས་སོ། །ཡང་། དུས་ཕྱིས་མི་ཉག་གི་རྒྱལ་ཁམས་སུ་ལྗོངས་རྒྱུ་ཞིང་བྱོན་བྱོན་པས། རྒྱ་ནག་གི་ཡུལ་གྱི་མཐའི་རྒྱ་མཚོའི་འགྲམ་དུ་སླེབ་པ་དང་། རྒྱ་མཚོ་ལ་གཟིགས་ནས་རི་དཀར་པོ་གནམ་ལ་ལངས་པ་འདྲ་བ་འདི་ཅི་ཡིན་གསུང་། ཕྱིའི་རྒྱ་མཚོ་ལགས་བྱས་པས་སྔར་གྱི་དེ་དྲན་པས། ཀྱེ་མ་དེར་མེད། ངས་དེ་ཙ་ན་སྲུང་བ་ཞིག་ཀྱང་མ་བྱས། དེ་བཟློག་པ་ལ་ཚེགས་མེད་པ་ཡིན་པ་ལ།

71a

༄༅།        །ད་བལ་པོ་རྒན་པོས་རང་ཡུལ་མ་མཐོང་བ་ཡིན་གསུང་ནས། སླར་ལོག་སྟེ་ཐུགས་ཕབ་ནས་རྒྱ་ནག་ཕྱོགས་གཅིག་ཏུ་བྷ་དན་ཏའི་གཙུག་ལག་ཁང་ཅེས་བདེ་མཆོག་གི་ལྷ་ཁང་བཞེངས་ཏེ། དེར་བཞུགས་ནས་འགྲོ་བ་དཔག་ཏུ་མེད་པ། ཤྲཱི་ཙཀྲ་སམ་བ་རའི་སྒོ་ནས་སྨིན་ཞིང་གྲོལ་བར་མཛད་དེ། སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད། དེང་སང་གི་བར་དུ་ཡང་། དཔལ་བདེ་མཆོག་གི་ཆོས་སྐོར་དར་ཞིང་རྒྱས་པར་བཞུགས་སོ། །སྐུ་གཤེགས་པའི་དུས་སུ་ལྷའི་རོལ་མོའི་སྒྲ་སྣ་ཚོགས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མེ་ཏོག་གི་ཆར་ཆེན་པོ་ཀུན་གྱིས་མཐོང་བར་བབས་ཏེ། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་མཁའ་ལ་སྤྱོད་པའི་གནས་སུ་ཁྱེར་རོ། །