བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
གསུམ་པ། དེ་ནས་བོད་དུ་བྱོན་ཚུལ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(གསུམ་པ། དེ་ནས་བོད་དུ་བྱོན་ཚུལ།)

གསུམ་པ་ནི། བསྟན་པ་སྔ་དར་གྱིས་དུས་སུ་བདེ་མཆོག་མ་དར་ཞིང་། ཕྱི་དར་ལ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ལོཙྪ་བ་ཆེན་པོ་རིན་ཆེན་བཟང་པོ་ཁ་ཆེར་བརྫངས་ནས་པཎྜི་ཏ་ཀ་ར་རྣམ་གསུམ་སྤྱན་དྲངས། བདེ་མཆོག་རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་མངོན་བརྗོད་བླ་མ། རྩ་རྒྱུད་ཀྱི་འགྲེལ་པ་དཔའ་བོ་ཡིད་འོང་རྣམས་ལོ་ཆེན་གྱིས་བསྒྱུར། དབང་བཀའ་བཤད་བཀའ་མན་ངག་དང་བཅས་པ་མནོས་སོ། །དེ་ནས་ནག་ཚོ་ལོཙྪ་བས་ཨ་ཏི་ཤ་གདན་དྲངས་ནས་ཐོ་ལིང་དུ་བྱོན་སྤྱིར་ཆོས་མང་པོ། ཁྱད་པར་ལོ་ཧི་པས་གཙོ་བྱས་

71b

བདེ་མཆོག་གི་སྐོར་མང་པོ་དབང་བཀའ་བཤད་བཀའ་མན་ངག་དང་བཅས་པས་ལེགས་པར་ཐུགས་ཚིམ་པར་མཛད་དོ། །ལོ་ཧི་པའི་འགྲེལ་པ་ལ་སོགས་པ་ཡིག་ཆ་ཡང་མང་དུ་མཛད་དོ། །འོན་ཀྱང་ལོ་ཆེན་ནས་བརྒྱུད་པའི་བཤད་བཀའ་ནི་ད་ཆད་པ་འདྲའོ། །དེ་ནས་ཨ་ཏི་ཤས་དབུས་སུ་བྱོན་དུས་བླ་ཆེན་རོང་པ་འགར་གྱིས་སྤྱིར་ཇོ་བོ་ལ་མངའ་བའི་གསང་སྔགས་ཐམས་ཅད་ཞུས་ཁྱད་པར་ལོ་ཧི་པའི་དབང་བཀའ་ལྷ་སྦས་ཀྱི་འགྲེལ་པ་ལ་བརྟེན་པའི་བཤད་དཀའ། ཆོས་ཚན་དགུ་ལ་སོགས་པའི་རྫོགས་རིམས་རྣམས་ཡོངས་སུ་རྫོགས་པར་མནོས་ནས། དེས་ལྷ་རྗེ་སྟོད་པ་ལ་གནང་། དེས་སྟེང་པ་ཟླ་གསལ། ཤོད་པ་ཉི་མ་ཁ་དྲོ། གཅེན་ཤེས་རབ་རྒྱལ་པོ། གཅུང་ཤེས་རབ་གཙུག་ཏོར། ལྷ་རྗེ་ཆེན་པོ། ཆོས་འོད། ཞིང་ཆེན་གྲག། ས་པ་དཔལ། བདེ་གཤེགས་དཔལ། བླ་མ་སྒོམ་ཡེས། བླ་མ་གྲགས་ཆེན་པ། དེས་བདག་གི་བླ་མ་ལ་གནང་སྟེ། དེ་དག་གི་རྣམ་ཐར་རྒྱས་པར་མི་གསུང་ངོ་། །ཇོ་བོ་རྗེའི་རྗེས་ལ་པཎྜི་ཏ་ག་ཡ་དྷ་ར་བོད་དུ་བྱོན་དུས་སུ་འབྲོག་མི་དང་། འགོས་དང་། གྱི་ཅོ་ཟླ་བའི་འོད་ཟེར་ལ་སོགས་པ་བདེ་མཆོག་གི་རྒྱུད་འགྲེལ་པ་དཀྱིལ་ཆོག་ལ་སོགས་པའི་སྐོར་མང་དུ་བསྒྱུར་ཅིང་བཤད་མོད་ན་འང་ད་ལུང་བཀའ་རེ་ཙམ་མ་གཏོགས་ཆད་པ་འདྲའོ། །དེ་རྗེས་ཕམ་ཐིང་པའི་གཅུང་པོ་བོད་དུ་བྱོན་པའི་ཟླ་ལ་ཀློག་སྐྱ་ཤེས་རབ་བརྩེགས་བྱོན་དུས་བླ་མ་མལ་གྱོ་ལོཙྪ་བས། ཀློག་སྐྱ་

72a

༄༅།        །ཤེས་རབ་བརྩེགས་ལ་བདེ་མཆོག་གི་དབང་སྒྲུབ་སྐོར་ཁ་ཚང་གཅིག་ཞུས། དུས་ཕྱིས་མལ་གྱོས་བལ་པོར་བྱོན་ནས་ནཱ་རོ་པའི་སློབ་མ་ཁ་ཆེ་བྱང་ཆུབ་བཟང་པོ་དང་། ཀ་ན་ཀ་ཤྲཱིའི་སློབ་མ་བལ་པོ་ཐུགས་རྗེ་ཆེན་པོ་དང་། བྷ་དན་ཏ་རྣམས་ལའང་གསན་ཅིང་། ཁྱད་པར་དུ་ཕམ་ཏིང་པ་སྐུ་མཆེད་ལ་ལོ་ནག་དྲིལ་གསུམ་གྱི་དབང་གདམས་ངག་དང་བཅས་པ་རྩ་རྒྱུད་ཀྱི་བཤད་པ་མན་ངག་དང་བཅས་པ་ལེགས་པར་མནོས་སོ། །བླ་མ་མལ་གུང་ཐང་ན་བཞུགས་པའི་ཚེ། བླ་མ་ས་ཆེན་གྱིས་ཆོས་ཞུ་རུ་བྱོན་པའི་ཚེ། བླ་མས་སློབ་མའི་སྣོད་བརྟག་པའི་ཕྱིར་དང་། ཡོན་ཏན་དང་ཇོ་སྲས་ཀྱི་དྲེགས་པ་འདུག་མི་འདུག་བརྟག་པའི་ཕྱིར། བཤད་པ་ཞུས་པ་རྣམས་ལ་ཚོགས་བཤད་ཁྱུགས་མ་ལས་མ་མཛད། དེ་ནས་མར་ལམ་ས་ཆེན་ལ་ཆོས་ཞུ་བ་དང་འབུལ་བ་བྱེད་པ་མང་པོ་བྱུང་ནས་འབུལ་བའི་ཕུད་གསེར་སྲང་བཅོ་བརྒྱད་འབུལ་དུ་བཏང་བས། བླ་མ་མཉེས་ཏེ་སྣོད་ལྡན་དམ་ཚིག་པར་ཡོད་པར་འདུག་པས། ད་ང་རྒས་རིང་པོ་མི་ཐུབ་པས་མན་ངག་འདི་ཚོ་ལེན་པ་ལ་ཁྱེད་མྱུར་པོར་ཤོག་གསུངས་ནས་དེར་ཕྱིན་པས། བདེ་མཆོག་གི་དབང་བཀའ་ཁྲིད་བཀའ་བཤད་བཀའ་མན་ངག་གི་བཀའ་རྣམས་ཡོངས་སུ་རྫོགས་པར་གནང་ངོ་། །ས་ཆེན་གྱིས་ཀྱང་སྲས་རྗེ་བཙུན་སྐུ་མཆེད་ལ་བུམ་པ་གང་བྱོའི་ཚུལ་དུ་གནང་ཞིང་ཐུགས་སུ་ཆུད་ནས་རྗེ་བཙུན་པས་རྩ་རྒྱུད་དང་།

72b

ལོ་ནག་དྲིལ་གསུམ་གྱི་གཞུང་ཐམས་ཅད་ལ་རྣམ་འགྲེལ་ཞིབ་པ་རེ་མཛད་ནས་གཏན་ལ་ཕབ་སྟེ། དེ་དག་གི་རྣམ་ཐར་རྒྱས་པ་ནི་གཞན་དུ་བལྟ་བར་བྱའོ། །བླ་མ་བྷ་དན་ཏ་ལ་བོད་ཀྱི་ལོཙྪ་བའི་སློབ་མ་མར་པ་དོ་པ་དང་། རྔོག་ལོ་དང་། མལ་གྱོ་ཀློག་སྐྱ་ལ་སོགས་པ་མང་དུ་ཡོད་མོད། དེ་རྣམས་ཀྱི་ནང་ནས་ཐུགས་ལ་བཏགས་ཤིང་། གཞུང་དང་གདམས་ངག་མ་ལུས་པ་སློབ་མ་ལ་བཤད་པ་གནང་ཞིང་། ཇི་ལྟ་བ་བཞིན་དུ་རྟོགས་པ། སྒྲ་སྒྱུར་བྱེད་ཀྱི་དམ་པ། གྲགས་མཆོག་ཤེས་རབ་ཅེས་པ་དང་པོ་ལྷོ་བལ་དུ་བྱོན་པའི་དུས་སུ། མར་དོ་དང་དཔོན་གཡོག་ཡིན་པས་ན། པུ་ཧྲངས་ལོ་ཆུང་དུ་གྲགས་ལ། ཕྱིས་ཆོས་ལོ་ཆུང་ཤོས་མཁས་པར་གྱུར་ཏེ་འགྲོ་བ་མང་པོ་ལ་ཕན་ཐོགས་པར་ལུང་བསྟན་ནོ། །དེ་ལྟ་བུའི་བླ་མ་དེས་སྤྱིར་ལྷོ་བལ་དུ་མང་དུ་བཞུགས་ཤིང་། ཁྱད་པར་དུ་རྒྱ་གར་གྱི་ཡུལ་དབུས་དང་ཉེ་བར། བླ་མ་རྒྱལ་པོ་སྲས་ལ་སོགས་པའི་པཎྜི་ཏ་མང་པོ་ལའང་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་གསང་སྔགས་ཀྱི་རྒྱུད་དང་གདམས་ངག་དཔག་ཏུ་མེད་པའང་གསན། བལ་པོར་བླ་མ་ཧ་ངུ་དཀར་པོ་ལ་རྗེ་བཙུན་མ་ལ་སོགས་པའི་མན་ངག་ཟབ་མོར་གྲགས་པ་མང་དུ་གསན་ཅིང་ཐུགས་སུ་ཆུད་དོ། །དེ་ནས་བླ་མ་བྷ་དན་ཏ་བོད་དུ་བྱོན་པའི་གཙང་གི་ལམ་དུ་ལོཙྪ་བ་ཡང་མཛད་དེ། པཎྜི་ཏ་མར་གཤེགས་པ་དང་། བླ་མས་

73a

༄༅།        །དཔལ་འཁོར་ལོ་བདེ་མཆོག་ལ་སྒྲུབ་པ་མཛད་ཅིང་ཁྱད་པར་དུའང་བླ་མ་ནཱ་རོ་ཏ་པའི་བསྐྱེད་པའི་རིམ་པ་ཕག་མོ་མཁའ་སྤྱོད་དང་། རྫོགས་པའི་རིམ་པ་རྩ་དབུ་མ་དང་དེའི་ཡན་ལག་ཐུན་མོང་གི་མན་ངག་གནོད་སྦྱིན་མོ་པདྨ་ཏི་ལ་སོགས་པ་སྒྲུབས་པས་གྲུབ་སྟེ། དེ་ཀརྨ་མུ་ཏྲའང་མཛད་དོ། །ཞེས་གྲགས་ལ། འཚོ་བ་ཐམས་ཅད་དེས་སྦྱངས་ཏེ། སྟོད་བཟང་སེང་གེ་ཁུལ། བྱང་ཁ་སྟོང་པ་ཞིག་ཏུ་དཔོན་གཡོག་ཉི་ཤུ་ཙམ་བཞུགས་པ་ལ། དེའི་བར་གྱི་འཚོ་བའང་གནོད་སྦྱིན་མོ་ལ་བླངས་ནས་གཞན་རྣམས་ལ་བྱིན་ནས་བསྒོམ་མཛད་ཅིང་བཞུགས་སོ། །དུས་ཕྱིས་ལ་སྟོད་ཤྲཱིའི་དགོན་པ་ཁང་དམར་ཞེས་པ་ན། སྒྲུབ་བཤད་གཉིས་ཀ་མཛད་ཅིང་བཞུགས་པ་ལ། དམར་ཆོས་ཀྱི་རྒྱལ་མཚན་དེས། ཁོང་གི་སྙན་པ་ཐོས་ནས་བདེ་མཆོག་གསན་དུ་བྱོན་པ་ལ། བླ་མ་ལོཙྪ་བས་སྣོད་བརྟགས་པས། བླ་མ་ལྔ་བཅུ་པ་ནས་བྱུང་བའི་སློབ་མའི་མཚན་ཉིད་ཐམས་ཅད་ཚང་བར་འདུག་ནས། སྣོད་ལྡན་དུ་གཟིགས་ཏེ། དབང་བསྐུར་དང་བྱིན་བརླབས་ཀྱི་བཀའ་མ་ལུས་པ་གནང་། ལོ་གསུམ་གྱི་བར་དུ་རྒྱུད་དང་གདམས་པ་ཐམས་ཅད་གསན་ཅིང་། རྫོགས་པར་ཚར་བ་དང་། བླ་མའི་ཞལ་ནས། ང་ལ་མཁའ་སྤྱོད་འགྲུབ་པའི་ལྟས་ཤིག་བྱུང་བས། ཆོས་ཁྱེད་ཅག་ཟུར་ཆོས་པ་ཀུན་གྱིས་ཤོད་ཅིག་གསུངས་ནས་གྲྭ་ས་གཏད་དོ། །

73b

དེ་ནས་བླ་མ་དམར་ཆེན་པོ་ལ་ཁྱོད་ཀྱིས་གཞུང་གི་ཉན་བཤད་ནི་ཚར། མན་ངག་དང་ཞལ་གྱི་གདམས་པ་རྣམས་ངས་ཐུན་མཚམས་ལ་བུག་ཆོས་སུ་བཤད་ཀྱིས་གསུང་ནས། ཤྲཱིའི་གད་ལོགས་ཆེན་པོ་ཞིག་ཡོད་པ་ལ། འཕྲེད་ལམ་ཞིག་བྱས་ནས། དེའི་གོང་མར་བླ་མ་པུ་ཧྲངས་པའི་གཟིམ་ཁང་ས་ཕུག་བྲུས། དེའི་འོག་ཏུ་བླ་མ་དམར་གྱི་བཞུགས་ས་བྲུས། ཐ་མ་རུ་ནག་པོ་ཚང་དང་ཉེ་གནས་པའི་སྡོད་ས་བྱས། མདའ་རུ་གནམ་སྒོ་བཅུག་ནས་སུས་ཀྱང་མི་ཐར་བ་བྱས་སོ། །དེ་ནས་བླ་མས་གཟིམ་ཁང་དེར་བཞུགས། སྒོ་བརྩིགས་ནས་བཤོས་འདྲེན་པའི་བུ་གུ་མ་བཏོགས་པ་འདག་སྦྱར་མཛད་དོ། །དེའི་ཚེ། ངས་དངོས་གྲུབ་མ་ཐོབ་པར་འདི་སྒོ་ཕྱེ་ན། ཕྱོགས་སྐྱོང་དང་ཞིང་སྐྱོང་རྣམས་ཀྱི་ངའི་མགོ་བོ་ཚལ་པ་བརྒྱ་རུ་ཁོས་ཅིག་གསུང་། དེ་ནས་དུས་ནམ་ཞིག་གི་ཚེ། བླ་མ་དམར་པ་ལ་ནང་པར་ང་འདོད་པ་འདྲ་བ་འོང་གིས། མ་འགེགས་པར། ངའི་གན་དུ་ཐོང་ཤིག་གསུང་ནང་པར་ཉི་མ་གྲོས་འཇམ་ན། པཎྜི་ཏའི་ཆས་སུ་བྱས་པ་གཅིག་དང་། བུད་མེད་བརྒྱད་དང་མི་དགུ་འོངས་ནས། པུ་ཧྲངས་ལོཙྪ་བ་ལ་ཐན་གྱིས་དང་ཟེར་སྐད། ཁ་སང་གི་གསུང་དྲན་ནས་དེར་ཚུར་བོས་ནས་བླ་མའི་འདག་ཆར་གྱི་བུག་སྒོའི་དྲུང་ན་པཎྜི་ཏ་དེས་གྲལ་མགོ་བྱས་ནས་གྲལ་བཞིན་དུ་འདུག་ནས། རྒྱ་གར་སྐད་དུ་གསུང་གླེང་དི་རི་རིར་འདུག་སྐད། བླ་མ་དམར་གྱི་

74a

༄༅།        །ཅི་ཡིན་སྙམ་ནས། དར་ཙམ་གསན་པས་མཁྱེན་ནས་མི་རུང་བ་ཡིན་རང་སྡོད་སར་སོང་གསུང་། དེ་ནས་དར་ཙམ་ན་གསུང་གླེང་རྣམས་སྒྲ་ཆག་ནས། བླ་མ་དམར་གྱིས་གལ་གྱིས་གཟིགས་སུ་བྱོན་པས་སྒོ་དྲུང་གི་དེ་རྣམས་མི་འདུག་སྟེ། བུག་སྒོ་ནི་སྔར་བཞིན་འདུག་ལ། དེ་རྣམས་ནང་ན་གྲག་སྟེ་བལྟས་པས་པཎྜི་ཏས་གྲལ་མགོ་མཛད་དེ་གྲལ་སྔར་བཞིན་འདུག །གྲལ་མཇུག་ན་བླ་མ་ལོཙྪ་བཞུགས་ནས་འདུག་པཎྜི་ཏ་དེའི་ཕྱག་ནས་གསེར་གྱི་ཡི་གེ་འོད་ལམ་པ་གཅིག་གྲལ་རིམས་ཀྱིས་ཕྱག་བརྒྱུད་ནས། བླ་མ་ལོཙྪ་བ་ལ་གཏོད་ཀྱིན་འདུག་སྟེ་ཞལ་དུ་མིད་པའི་སྐུ་འོད་ཀྱི་གོང་བུར་གྱུར་ནས། ས་ཕུག་ཀྱང་འོད་ཀྱིས་གང་བར་གྱུར་ཏོ། །དེའི་ཚེ་བ་སྤུ་གཡོ་ཞིང་མཆི་མ་འཁྲུག །སྙིང་པོ་རྣལ་མའི་སྒོམ་རང་བབས་སུ་བྱུང་། དེར་ཚོར་གྱི་དོགས་ནས་རང་གི་འདུག་སར་བྱོན་ཏེ། དེ་ནས་དར་ཙམ་ལོན་པ་ན། བླ་མའི་ཏིང་ཏིང་ཤག་གི་སྒྲ་གྲག་ནས་དེར་བྱོན་པས། ཡང་དེ་རྣམས་སྒོ་དྲུང་ན་གྲལ་རིམ་དུ་འདུག་ལ། བུག་སྒོ་ནི་སྔར་གྱི་བཞིན་འདུག །བླ་མའི་ཞལ་ནས་འདི་རྣམས་ལ་བསྙེན་བཀུར་ཆེན་པོ་གྱིས་ལ་ཕ་ཚད་དུ་སྐྱོལ་གསུང་ནས་དེ་བཞིན་དུ་བྱས་ནས། དེར་བླ་མའི་དྲུང་དུ་འོངས་ནས་དད་པའི་ཤུགས་ཆེན་པོས་མཆི་མས་བརྣངས་བཞིན་དུ་ཞུས་པས། སྔར་གྱི་དེ་བཞིན་འདི་ལྟར་གདའ་བ་དེ་རྣམས་

74b

ཇི་ལྟར་ལགས་ཞུས་པས་ཁྱོད་ཀྱིས་དེ་ལྟར་མཐོང་ངམ། དགེ་བཤེས་ག་གེ་མོ་ལ་སྒྲུབ་པའི་གྲོགས་གྱིས་བྱས་པས། ངེད་དབྱར་ཆོས་འཆད་ཅིང་སེར་བ་སྲུང་ཟེར། ཁྱོད་ཀྱིས་སྒྲུབ་པའི་གྲོགས་བྱས་ན་མཁའ་སྤྱོད་དུ་འགྲོ་བར་འདུག་པ་ལ། འོན་ཀྱང་ཁྱོད་ལ་དཔལ་འཁོར་ལོ་བདེ་མཆོག་གི་ཞལ་སྟོན་ཅིང་བྱིན་གྱིས་རློབ་པར་འགྱུར་རོ་ཞེས་ལུང་བསྟན་ནོ། །སྔར་གྱི་པཎྜི་ཏའི་ཆ་ལུགས་སུ་འདུག་པ་དེ། དཔལ་ཧེ་རུ་ཀ་ཡིན་ཞིང་། བུད་མེད་བརྒྱད་པོ་དེ་སྒོ་མཚམས་མ་བརྒྱད་ཡིན་སྐད། གསེར་གྱི་ཡི་གེ་དེ་རྩ་བའི་སྔགས་ཡིན་པར་འདུག་སྐད། དེའི་མཚན་མོ་མཁའ་སྤྱོད་དུ་སྤྱན་དྲངས་སོ། །དེའི་ནང་པར་ཐོ་རངས་བླ་མ་དམར་གྱིས། ཉེ་གནས་པ་བོས་ནས། མདང་གི་ལྟས་དེ་རྣམས་མི་དགེ །བླ་མའི་སྤྱན་སྔར་འདེང་བྱས་ནས། བུག་སྒོ་ནས་བོས་པས་གསུང་མ་བྱུང་། བལྟས་པས་རེའི་ཕྱ་རུ་ཤུལ་ཝང་ངེ་འདུག་སྟེ། དེར་སྒོ་ཕྱེ་ནས་བླ་མའི་ན་བཟའ་དང་། རྒྱ་དཔེ་འགའ་འདུག་པ་ལ་བྱིན་བརླབས་འབྱུང་བའི་ཕྱིར་སུས་ཐོབ་བྱས་སོ། །དུས་ཕྱིས་ཁམས་པ་ལོཙྪ་བ་ཞིག་གིས་བལ་པོར་ཕྱིན་ཙམ་ན་བལ་པོ་ཀ་ན་ཀ་ཤྲཱིའི་ཞལ་ནས། བོད་ན་གཏམ་ངོ་མཚར་ཅན་གསར་པ་ཅི་འདུག་གསུངས་ནས་དྲི་བ་ལ། ལོཙྪ་བ་ན་རེ་གཞན་མི་གདའ། པུ་ཧྲངས་ལོ་ཆུང་མཁའ་སྤྱོད་དུ་གཤེགས་ཟེར་གྱིན་གདའ། ལ་ལ་ན་རེ། ཉེ་གནས་

75a

༄༅།        །ཀྱི་ཁུངས་མེད་དུ་བསྐྲོངས་ཀྱང་ཟེར། ཐེ་ཚོམ་དུ་བག་ཙམ་གྱུར་ནས་གདའ་བྱས་པས། དེ་ཀ་འདྲི་བ་ཡིན། ཁོང་མཁའ་འགྲོ་མ་གཉིས་ཀྱིས་འཕྲག་པ་ལ་ཁུར་ནས་གདའ། ང་ལ་འཕྲད་དུ་བྱུང་། ངས་ཁོ་པ་ལ་འབར་ནས་བཞག །ཁོང་མཁའ་སྤྱོད་དུ་སོང་གསུང་ངོ་། །དམར་ཆོས་ཀྱི་རྒྱལ་མཚན་ལ། མངའ་རིས་ཀྱི་སྟོན་པ་དཀོན་མཆོག་འབར་ཞེས་བྱ་བ། དཔྱལ་ཀུན་དགའ་རྡོ་རྗེ་ལ་གཏུགས་ནས་དཔྱལ་ལུགས་ཀྱི་བདེ་དགྱེས། ཕག་མོ་ཞལ་གདམས་དང་བཅས་པ། ཀུན་དགའ་རྡོ་རྗེའི་སློབ་མ་ཟ་སྟོན་ལོཙྪ་བ་ལ། ཕག་མོའི་མཆོག་གདམས། ཁྱད་པར་གྱི་གདམས་པ་ལ་སོགས་པ་རྔོག་ཀུན་དགའ་ལ་གཏུགས་ནས། རྔོག་ལུགས་ཀྱི་རྒྱུད་གསུམ་མན་ངག་དང་བཅས་པ་རྣམས་ལ་མཁས་པར་སྦྱངས་པ་དེས། བླ་མ་དམར་ཆེན་པོའི་དྲུང་དུ་ཡུན་རིང་དུ་བསྟེན་ནས། བྷ་དན་ཏ་ནས་བརྒྱུད་པའི་ལོ་ནག་དྲིལ་གསུམ་གྱི་དབང་བཀའ། རྩ་རྒྱུད་ཀྱི་བཤད་བཀའ། མན་ངག་གི་བཀའ་དང་བཅས་པ་དང་། རྒྱལ་པོའི་སྲས་འཇིགས་མེད་ལྷ་ནས་བརྒྱུད་པའི་ལོ་ཧི་པའི་དབང་བཀའ་བཤད་དཀའ། དེའི་རྒྱབ་ཏུ་དུས་འཁོར་གྱི་དབང་མདོར་བསྟན་ལ་སོགས་པའི་མན་ངག་རྣམས་ལེགས་པར་མནོས་སོ། །དེ་ལ་ཐུར་ལའི་མཁན་པོ་ཚུལ་སྐྱབས། དེ་ལ་ཐང་དཔེ་བའི་མཁན་པོ་འཕགས་སྐྱབས། དེས་གསེར་སྡིང་པ་གཞོན་ནུ་འོད། དེས་བླ་མ་ཆོས་སྐུ་འོད་ཟེར། དེས་བདག་གི་བླ་མ་ལ་གནང་སྟེ། དེ་རྣམས་

75b

ཀྱི་རྣམ་ཐར་ལོགས་ན་ཡོད་དོ། །ཡང་དམར་ཆེན་པོའི་དབོན་པོ་ཤེས་རབ་རྡོ་རྗེ། ཐུབ་པ་ཤེས་རབ་བརྩོན་འགྲུས་རྡོ་རྗེ། དེའི་དབོན་པོ་བལྟམས་པ་དང་། འབྲུག་གྲགས་པ་མཉམ་པོ་བྱུང་བས་འབྲུག་སེང་ཞེས་མིང་དུ་བཏགས་སོ། །དེས་བླ་མ་བརྩོན་འགྲུས་རྡོ་རྗེའི་དྲུང་དུ། རང་གི་བླ་མ་ནས་བརྒྱུད་པའི་བདེ་མཆོག །ཡོ་ག །ལོཙྪ། ཆོས་དྲུག་ལ་སོགས་པ་ཐུགས་སུ་ཆུད་པར་མཛད་ནས། དགུང་ལོ་བཅུ་དྲུག་ལོན་པ་ན་ས་སྐྱར་བྱོན། རྗེ་བཙུན་ཆེན་པོ་དང་ཟུར་ཆོས་པ་རིག་འཛིན་གྲགས་པ་གཉིས་ལ་བཏུགས་ནས། བདེ་མཆོག་རྩ་བའི་རྒྱུད་ལ་སློབ་གཉེར་མཛད་ནས་བཤད་གསར་ཡང་མཛད། དེ་རྗེས་ཀྱེའི་རྡོ་རྗེའི་རྒྱུད་གསུམ་མན་ངག་དང་བཅས་པ་ཅི་རིགས་སུ་གསན་ཏེ་ལོ་གསུམ་གྱི་བར་དུ་བསྟེན་ནོ། །རྗེ་བཙུན་སྐུ་གཤེགས་ནས་ས་སྐྱ་པཎྜི་ཏ་ལོ་གསུམ་གྱི་བར་དུ་བསྟེན་ནས། རྒྱུད་གསུམ་མན་ངག་དང་བཅས་པ་ལ་མཁས་པར་སྦྱངས། ཕྱིས་རབ་ཏུ་བྱུང་བའི་མཚན་ཆོས་ཀྱི་རྒྱལ་པོ་ཞེས་བྱའོ། །དེ་ལ་བླ་མ་ཤག་གཞོན་གྱིས་ཞུས། དེ་ལ་ལྕེ་བློ་ལྡན་སེང་གེས་ཞུས། དེ་ལ་བདག་ཅག་གི་བླ་མས་ཞུས་སོ། །བྷ་དན་ཏའི་སློབ་མ་མར་དོ་ནས་བརྒྱུད་པ་དང་། གཉོས་ལོཙྪ་ནས་བརྒྱུད་པ་གཉོས་ལུགས་སུ་གྲགས་ཏེ། དེ་ལ་ཇོ་བོ་ལུགས། ས་ལུགས། པུ་ཧྲངས་ལོ་ཆུང་ལུགས་དང་གསུམ། དབང་བཀའ། འཁྲིད་བཀའ་བཤད་བཀའ་དང་བཅས་པ་དང་།

76a

༄༅།        །གཉོས་ལུགས་ཀྱི་དབང་བཀའ་དང་། རྒྱུད་རྩ་བཤད་ཀྱི་ལུང་དང་བཅས་པ་ཀུན་མཁྱེན་འཕགས་པ་ཡོན་ཏན་རྒྱ་མཚོས་བདག་ལ་གནང་ངོ་། །མར་དོ་ལུགས་ཀྱི་ལོ་ཧི་པ་བཅུ་གསུམ་མ། དྲིལ་བུ་ལྷ་ལྔ་ལ་སོགས་པའི་དབང་། བླ་མ་དཔལ་ལྡན་པ་ལས་ཐོབ་ཅིང་རྒྱུད་ཀྱི་བཤད་ལུང་། གཟེ་བའི་སློབ་མ་ཁང་གསར་བ་བསོད་ནམས་མགོན་ཞེས་པ་ལ། བླ་མ་ཡང་རྩེ་བས་ཞུས། དེ་ལ་བདག་གིས་ཞུས་ཏེ། དེའི་གོང་གི་བརྒྱུད་པ་རྣམས་རྩད་བཅད་པ་མ་བྱུང་ངོ་། །