(༡༽ འཆད་པ་པོ་སློབ་དཔོན།)
བསྟེན་བྱ་དཔལ་ལྡན་བླ་མའི་མཚན་ཉིད་ནི། སྡོམ་འབྱུང་ལས། དུལ་བ་ཞི་བའི་ཆ་ལུགས་ཅན། །སེམས་ཅན་ཀུན་རབ་མི་འཇིགས་སྟེར། །སྔགས་དང་རྒྱུད་ཀྱི་རབ་སྦྱོར་ཤེས། ། བསྟན་བཅོས་རིག་ཅིང་སྙིང་རྗེར་ལྡན། །སྙན་པའི་ངག་སྨྲ་ཐམས་ཅད་ལ། །སེམས་ཅན་ཀུན་ལ་བུ་བཞིན་དུ། །རྟག་ཏུ་སྦྱིན་པ་ལ་སོགས་དགའ། །རྣལ་འབྱོར་བསམ་གཏན་མངོན་པར་བརྩོན། །བདེན་པར་སྨྲ་ཞིང་འཚེ་བ་མེད། །སྙིང་རྗེ་དང་ནི་ཕན་སེམས་ལྡན། །སེམས་ནི་མཉམ་ཉིད་ཕྱག་རྒྱར་ལྡན། །སེམས་ཅན་རྣམས་ཀྱི་མགོན་གྱུར་པ། །སེམས་ཅན་བསམ་པའི་ཁྱད་པར་ཤེས། །མགོན་དང་བྲལ་བ་རྣམས་ཀྱི་
གཉེན། །དབང་པོ་ཡང་དག་རྫོགས་པའི་ལུས། །བལྟ་དང་སྡུག་པའི་གཟུགས་དང་ལྡན། །དབང་བསྐུར་དོན་གྱི་དེ་ཉིད་ཤེས། །ཚིག་གསལ་ཡོན་ཏན་རྒྱ་མཚོ་སྟེ། །རྟག་པར་རྒྱུན་དུ་གནས་བསྟེན་པ། །དེ་ནི་སློབ་དཔོན་རིག་པར་བྱ། །ཞེས་དང་། རྡོ་རྗེ་མཁའ་འགྲོར་ཡང་། དེ་དང་འགྱུར་མི་གཅིག་པ་མིན་པ་འདྲ་བར་གསུངས་སོ། །སྤང་བྱ་གདུག་པའི་སློབ་དཔོན་ནི། རྡོ་རྗེ་མཁའ་འགྲོར། གང་ཡང་གཡོ་དང་ཁྲོ་དང་ལྡན། །ཤིན་ཏུ་རྩུབ་པའི་ཚིག་སྨྲ་ཞིང་། །ཡོན་ཏན་ཚིག་མེད་སློབ་དཔོན་ནི། །རྟག་ཏུ་བསྟེན་པར་མི་བྱའོ། །