བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༣༽ཚོགས་པའི་བཤད་ཉན་བྱ་ཚུལ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༣༽ཚོགས་པའི་བཤད་ཉན་བྱ་ཚུལ།)

གསུམ་པ་ལ། བླ་མས་སློབ་མའི་རྒྱུད་ཀྱི་དབྱེ་བ་བརྟགས་ནས་ཚོགས་བཤད་དང་། སློབ་བཤད་ཀྱི་སྣོད་གང་ཡིན་ལ་དེ་དང་མཐུན་པའི་བཤད་པ་བྱ། དེ་ཡང་རྒྱུད་བཤད་ཐབས་ཀྱི་མན་ངག་རྒྱུད་གསུམ། རིམ་པ་གཉིས་སྦྱོར་བ་གསུམ་ལ་སོགས་པ་རྒྱུད་སྡེ་ལས་གསུངས་ནའང་། ཆེས་མཆོག་ཏུ་གྱུར་པ་ནི། རྒྱན་བདུན་གྱི་སྒོ་ནས་བཤད་པ་སྟེ། རྒྱན་བདུན་གྱི། གླེང་བསླང་བ་ཡི་གྲངས་ནི་ལྔ། །ཚུལ་ནི་རྣམ་པ་བཞིར་འགྱུར་ཏེ། །རྒྱས་བཤད་མཐའ་ནི་རྣམ་པ་དྲུག །བཤད་པ་ཡང་ནི་རྣམ་པ་བཞི། །ལྔ་པའི་དབྱེ་བ་གཉིས་དང་ལྡན། །དྲུག་པའི་དབྱེ་བ་ལྔ་དང་ལྡན། །བདུན་པའི་དབྱེ་བ་རྣམ་གཉིས་ཏེ། །རྒྱན་རྣམས་མདོ་རུ་བསྡུས་པའོ། །ཞེས་སྒྲོན་གསལ་ལས་འབྱུང་ལ། དང་པོ་གླེང་བསླང་བ་ལྔ་ནི། རྒྱུད་ཀྱི་མིང་། གདུལ་བྱ་གང་གི་དོན་དུ། བྱེད་པ་པོ་གང་གིས། རྒྱུད་ཀྱི་ཚད། འབྲས་བུ་དགོས་པ་གང་ཡིན་ཞེས་པའི་ལན་འདེབས་པའོ། །གཉིས་པ་བརྗོད་བྱ་སངས་རྒྱ་བའི་ཚུལ་བཞི་ལ། རྒྱུད། གླེང་གཞི། ངེས་ཚིག །རྒྱུ་བཞི་སྟེ། དེ་ལ་འདོད་ཆགས་དང་བྲལ་བའི་སངས་རྒྱ་བའི་ཚུལ་བཞི་ནི། མི་རུ་སྐྱེ་བ་ནི་རྒྱུད། རབ་ཏུ་བྱུང་བ་ནི་གླེང་གཞི། བྱུང་ནས་བསླབ་པ་བསྲུང་པ་ནི་ངེས་ཚིག །དཀའ་བ་སྤྱོད་པ་རྒྱུའོ། །འདོད་

78a

༄༅།        །ཆགས་དང་བཅས་པའི་སངས་རྒྱ་བའི་ཚུལ་ལ། བསྐྱེད་རིམ་རྒྱུ། རྫོགས་རིམས་གླེང་གཞི་དབང་དང་དམ་ཚིག་སྡོམ་པ། ངེས་ཚིག །སྤྱོད་པ་གསུམ་རྒྱུའོ། །མཐའ་དྲུག་ནི་དྲང་དོན། ངེས་དོན། དགོངས་པ་དང་། དགོངས་མིན། སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་པ་མ་ཡིན་པ་སྟེ། དྲང་དོན་ནི། སྐལ་བ་ངན་པའི་སེམས་ཅན་དྲང་པའི་དོན་དུ། དོན་ཟབ་མོ་སྦས་ནས་ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ་ཞེས་སོགས་སོ། །རྡོ་རྗེའི་ཚིག་དེ་ཉིད་ལ། ཡང་དག་པའི་དོན་ཟབ་མོ་སྟོན་པ་ངེས་དོན་ནོ། །དབང་པོ་རྣོན་པོའི་སེམས་ཅན་ལ་དོན་ཟབ་མོ་ཚིག་སྐྱོག་པོས་བསྟན་པ་ནི་དགོངས་བཤད། དབང་པོ་རྟུལ་པོ་མཆོག་དོན་དུ་གཉེར་བ་ལ། དོན་ཟབ་མོ་ཚིག་གསལ་པོར་སྟོན་པ་ནི་དགོངས་མིན། དཀྱིལ་འཁོར་དང་སྦྱིན་བསྲེག་གི་ཆོ་ག་ལ་སོགས་པ་ནི་སྒྲ་ཇི་བཞིན་པ། ཀོ་ཌ་བྱ་ཀོ་ཌ་བ་ཞེས། སོགས་འཇིག་རྟེན་པའི་སྐད་ལ་མེད་ཅིང་། བསྟན་བཅོས་སང་སྐྲྀ་ཏའི་སྐད་ལའང་མེད་པའི་དེ་བཞིན་གཤེགས་པའི་བརྡར་བསྟན་པ་རླུང་བཅུ་ལ་འཆད་པ་སོགས་སོ། །ཚུལ་བཞི་ནི་སྒྲ་པའི་ལུགས་ཀྱི་ཐོབ་ཐང་དུ་འབྲུ་གནོན་པ་ནི་ཡི་གེའི་དོན་བསྐྱེད་རིམས་སྟོན་པ་དང་། ཕྱི་མཚན་ཉིད་དང་ཐུན་མོང་བའི་བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་སོ་བདུན་དང་། རྣམ་ཐར་སྒོ་གསུམ་སོགས་སྟོན་པ་ནི་སྤྱིའི་དོན། ཡབ་ཡུམ་སྙོམས་པར་འཇུག་པ་སྟོན་པ་ནི་ཚོགས་སུ་དབྱུང་བྱ་མ་ཡིན་པས་འདོད་ཆགས་

78b

ཆོས་ཀྱི་སྦས་པ། ཀུན་རྫོབ་བདེན་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྟོན་པ་ནི། ཀུན་རྫོབ་བདེན་པའི་སྦས་པ། དགའ་བ་དང་། མཆོག་དགའ་དང་། ཁྱད་པར་གྱི་དགའ་བའི་ཡེ་ཤེས་སྟོན་པ་ནི་ཡེ་ཤེས་གསུམ་གྱི་སྦས་པའོ། །ཐམས་ཅད་སྟོང་པ་འོད་གསལ་སྟོན་པ་དང་། བདེན་གཉིས་དབྱེར་མེད་ཀྱི་ཟུང་འཇུག་སྟོན་པ་དང་གཉིས་ནི་མཐར་ཐུག་གོ །ལྔ་པ་བཤད་པའི་དབྱེ་བ་གཉིས་ནི་སློབ་མ་དམན་པ་ཙན་དན་ལྟ་བུ་ལ་སོགས་པ་བཞི་ལ། ཡི་གེ་དང་། སྤྱི་དང་། དྲང་དོན་དང་། སྒྲ་ཇི་བཞིན་པ་དང་། དགོངས་མིན་དང་ལྔའི་སྒོ་ནས། གཙོ་ཆེར་བསྐྱེད་རིམས་འཆད་པ་ནི་ཚོགས་བཤད་སློབ་མ་རིན་པོ་ཆེ་ལྟ་བུ་ལ་ངེས་དོན། དགོངས་བཤད། སྒྲ་ཇི་བཞིན་པ་མ་ཡིན་པ། སྦས་པ། མཐར་ཐུག་དང་ལྔས་གཙོ་བྱས་རྫོགས་རིམས་འཆད་པ་ནི་སློབ་མ་ལ་བཤད་པའོ། །རྒྱུད་ལ་འཇུག་པའི་གང་ཟག་ལྔ་ནི། ཙན་དན་ལྟ་བུ། པད་དཀར། ཨུཏྤ་ལ། པད་དམར། རིན་པོ་ཆེ་ལྟ་བུ་དང་ལྔ་སྟེ། རྒྱུད་འདིའི་ལེའུ་ཉི་ཤུ་དྲུག་པ་ནས་གསུམ་དུ་བསྡུས་ཏེ། དང་པོ་ནི་དབང་པོ་ཐ་མ་ཡིན་པས་མ་དག་པ་ཡིན་ལ། བར་པ་གསུམ་དབང་པོ་འབྲིང་གི་རབ་འབྲིང་གསུམ་སྟེ། མ་དག་པ་དང་དག་པས་བསྡུས། ཐ་མ་ནི། དབང་པོ་ཡང་རབ་སྟེ་དག་པས་བསྡུས་ཏེ་དྲུག་པའོ། །བདུན་པ་ནི། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་རྣམ་པར་ངེས་པའོ། །དེ་ལྟར་རྒྱན་བདུན་གྱི་སྒོ་ནས་བླ་མས་བཤད་ཅིང་། སློབ་མས་སྣོད་ཀྱི་སྐྱོན་གསུམ་སྤངས་ལ་

79a

༄༅།        །མཉན། ཐུན་མོང་དུ་སྐྱབས་འགྲོ་སེམས་བསྐྱེད་མཎྜལ་དབུལ་བ་ལྷའི་རྣལ་འབྱོར་གསལ་གདབ་པ་སྔོན་དུ་འགྲོ་བས་བསྐྱེད་རྫོགས་ཀྱི་ངང་ནས་མཉན། འཇུག་ཏུ། བསྔོ་བ་སྨོན་ལམ་ཡིག་བརྒྱ་བཟླས། གོ་ཆ་གསུམ་དང་ཚམ་ངམ་སྔགས་ཀྱི་བསྲུང་བ་བྱའོ། །