ལྡེའུ་ཆོས་འབྱུང་།
༢.ལྷུམས་སུ་ཞུགས་པའི་མཛད་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༢.ལྷུམས་སུ་ཞུགས་པའི་མཛད་པ།)

དེ་ནས་གཟུགས་ཇི་ལྟ་བུ་ཞིག་གིས་མངལ་ཏུ་འཇུག་པར་བྱ་ཞེས་གསུངས་པས། ཚངས་རིགས་ཀྱིས་ལྷ་གཟི་བརྗིད་དམ་པ་བྱ་བ་ན་རེ་གླང་པོ་ཆེའི་ཕྲུ་གུ་ཐལ་དཀར་མཆེ་བ་དྲུག་པ་གཅིག་དུ་སྤྲུལ་ན་ལེགས་ཞེས་པ་དང་། དེ་ལྟར་ཡིན་གསུངས་ནས་ལྷ་ལས་བབས་སྟེ། ཡུམ་གྱི་ལྷུམས་སུ་ཞུགས་པ་ལ། བྱི་བ་ལོའི་སྦྱར་ཟླ་ར་བའི་ཚེས་བཅྭ་ལྔ་ལ་ཡུམ་གསོ་སྦྱོང་ལ་ཞུགས་པའི་དུས་དེར་ཡུམ་གྱིས་

23a

༄༅།       །རྙན་ཁུངས་ནས་ཞུགས་ཏེ་དགའ་ལྡན་ནས་འཕོས་སྟེ་ལྷུམས་སུ་ཞུགས་པའོ། །དེའི་དགུང་ལ་ར་རྩའི་ཕོ་བྲང་དུ་འོད་ཆེན་པོ་བཞི་ཡང་བྱུང་། ལྷ་རྣམས་ཀྱིས་ཡུམ་སྒྱུ་མ་དེ་ལ་བལྟས་ནས། སྲས་བྱང་ཆུབ་སེམས་དཔའ་འདྲ་བ་གཅིག་བྱོན་ནོ་སྙམས་དུ་སེམས། མི་རྣམས་ཀྱིས་སྣང་པ་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་གཅིག་འཁྲུངས་པར་སེམས། ཡུམ་གྱིས་རྒྱལ་པོ་ལ་རྨི་ལམ་བཟླས་པས་རྒྱལ་པོ་ལགས་བདག་གི་རྨི་ལམ་ལ་གླང་པོ་ཆེའི་ཕྲུག་གུ་གཅིག་བདག་གི་ལྷུམས་སུ་ཞུགས་པ་རྨིས་ན་དགའ་འམ་སྡིག་ནི་མ་འཚལ་ལོ། །ཞེས་པ་དང་། རྒྱལ་པོའི་ཞལ་ནས་སྔོན་ཡང་ཡབ་རྒྱལ་པོ་དགའ་བྱེད་དང་། ཡུམ་དམ་པ་མཐོང་དགའ་ལ་སྲས་དགེ་བྱམས་སྐྱེས་སྟེ། དེ་མཐར་ཕྱིན་པས་འབུད་དྷ་ལེགས་པར་དད་སེལ་དུ་གྱུར། དེ་སྐུ་སྤྲུལ་ནས་ཡུམ་གྱིས་ལྷུམས་སུ་གཤེགས་པ་ཡང་སྲིད། ཡབ་རྒྱལ་པོ་རབ་འཁྲག་དང་ཡུམ་ལྷ་མོ་བྲན་མ་བྱ་བ་ལ་སྲས་ཤན་པ་སྐྱེས་སྟེ། དེ་མཐར་ཕྱིན་པས་འབུད་དྷ་ཐམས་ཅད་སྐྱོབས་དུ་གྱུར། དེ་སྐུ་སྤྲུལ་ནས། ཡབ་རྒྱལ་པོ་སྙིང་རིངས་དང་ཡུམ་ལྷ་མོ་འོད་ལྡན་མ་ལ་སྲས་ཕུང་པོ་རབ་སེལ་སྐྱེས་སྟེ་དེ་མཐར་ཕྱིན་པས་འབུད་དྷ་རྣམ་པར་གཟིགས་དུ་གྱུར། དེ་སྐུ་སྤྲུལ་ནས། ཡབ་རྒྱལ་པོ་ཀྲི་གྲི་འདུ་ན་དང་ཡུམ་ཟག་པ་རྣམ་པར་རྒྱལ་མ་ལ་སྲས་འོད་སྲུངས་སྐྱེས་དེ་མཐར་ཕྱིན་པས་འབུད་དྷ་མར་མེ་མཛད་དུ་གྱུར་ཏེ་དེ་སྐུ་སྤྲུལ་ནས་ཡུམ་གྱིས་ལྷུམས་སུ་ཞུགས་པ་ཡང་སྲིད་པས་རྨི་ལམ་དགེ་ལྟས་སུ་ཐོབ་ཅིག་གསུངས། ཡུམ་གྱི་ལྷུམས་སྟེ་སྔར་བས་བདེ་བ་རྩམ་དུ་ཚོར་ནས་ད་རུང་དུ་ཡབ་ལ་ཞུས་པས་དོན་

23b

བཤད་མ་མཁྱེན་ཏེ། བྲམ་ཟེ་མཚན་མཁན་བཀུག་ནས་དྲིས་པས། བྲམ་ཟེས་གསོལ་པ། སྡིག་པ་མ་མཆིས་སྔོ་མ་མཆིས། །ཁྱེད་ལ་སྲས་མངའ་སྐྱེས་པ་རྒྱ་ཆེ་མཉེས། །སྲས་ཀྱང་འབུད་དྷེ་སྭ་སྟྭ་ལྟམས་པར་འགྱུར། །ཚུལ་དང་ལྡན་པའི་ཁྲིམས་ནི་བསྲུངས་པར་རིགས། །ཞེས་ནས་ཁྲིམས་ལ་གནས་སོ། །དེ་ལྟར་ལྷུམས་ན་ཞུགས་རྩ་ན་ཡང་ཐེགས་པ་ཆེན་པོ་བ་རྣམས་ཀྱིས་མཐོང་པར་ཡུམ་གྱིས་ལྷུམས་དེ་འོག་མིན་གྱི་གནས་ན་རྣམ་སྣང་ལ་འབུད་དྷེ་སྭ་ཏྭ་རྣམས་ཀྱིས་བསྐོར་ནས་ཐེ་ཚོམ་འགྲི་བ་དང་ཆོས་སྟོན་པར་མཐོང་། ཉན་ཐོས་སམ་ཐེགས་ཆུང་རྣམས་ཀྱིས་མཐོང་པར་རི་རབ་ཀྱི་བྱང་ཕྱོགས་ན་གསེར་གྱི་བྲག་བྱ་སྐྱིབས་ཅན་ན། བྷ་ག་བན་བཛྲ་ས་ཏ་དགོངས་པ་ལ་བཞུགས་པ་གཅིག་དུ་མཐོང་། ཉོན་མོངས་པ་དང་མ་བྲལ་བའི་འགྲོ་བ་རྣམས་ཀྱིས་བུད་མེད་སྦྲུམ་མ་རང་དུ་མཐོང་སྟེ། མཐོང་པ་ཡང་ཐ་དད་པར་གྱུར་སྐད། ཡུམ་ཡང་མི་དགེ་བ་བཅུ་སྤོངས་སྟེ། སྲོག་མི་སྤྱོད་པ་དང་མ་བྱིན་པ་མི་ལེན། །རྫུན་དུ་མི་སྨྲ་ཆང་ལ་མི་དགའ་དང་། །འཁྲིགས་པའི་མི་ཚངས་ཅོད་པ་སྤོངས་བ་འདི། །འདི་ནི་དོན་གྲུབ་ཡུམ་གྱིས་ཆོས་ཉིད་དོ། །