(གཉེན་པོ་ལ་དགོངས་ནས་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བསྟན་པ།)
ད་ནི་གཉེན་པོ་ལ་དགོངས་ནས་གསུངས་པ་འཆད་དེ། གཉེན་པོའི་དོན་ལ་དགོངས་ཏེ་གསུངས་པ་ལ། གདུལ་བྱའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཞེས་པའི་དོན་ལ། སེམས་ཅན་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡོད་པས། སྟོན་པས་དེ་རྣམ་འདུལ་བའི་ཕྱིར་ཆོས་ཀྱིས་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཏེ། དེ་སྐད་དུ་ཡང་ལྷ་མོ་བཞིས་ཞུས་པའི་མདོ་ལས་ཀྱང་བརྒྱད་ཁྲི་བཞི་སྟོང་དུ་གསུངས་སོ། །དེ་ཡང་སེམས་ཅན་ཉོན་མོངས་པ་འདོད་ཆགས་ལས་གྱུར་པ་ཉི་ཁྲི་གཅིག་སྟོང་ཡོད་པས། དེའི་གཉེན་པོར་གདུལ་བྱ་ལ་འདུལ་བས་མི་སྡུག་པ་བསྒོམས་ཐབས་ཉི་ཁྲི་ཆིག་སྟོང་བཀའ་བཙལ། ཉོན་མོངས་པ་ཞེ་སྡང་ལས་ནང་མི་མཐུན་པ་ཉི་ཁྲི་ཆིག་སྟོང་། དེའི་གཉེན་པོར་མདོ་སྡེ་ལས་བྱས་པ་བྱམས་པ་བསྒོམས་ཐབས་ཉི་ཁྲི་ཆིག་སྟོང་བཀའ་བསྩལ། གཏི་མུག་ལས་གྱུར་པའི་ནང་མི་མཐུན་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར། མངོན་པ་ལས་རྟེན་འབྲེལ་བསྒོམས་ཐབས་ཉི་ཁྲི་ཆིག་སྟོང་བཀའ་བསྩལ། དུག་གསུམ་ཆ་མཉམ་པ་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར། ཁམས་ཀྱི་རབ་ཏུ་དབྱེ་བ་ཉི་ཁྲི་ཆིག་སྟོང་བཀའ་བསྩལ་ཏོ། །དེ་ལྟར་ཡང་མདོ་ལས། འདོད་ཆགས་ཤས་ཆེ་མི་སྡུག་ཤ་ཚིལ་དང་། །སྤ་པ་རྐེང་རུས་ལྟས་པས་རྣམ་པར་གྲོལ། །ཞེ་སྡང་མེ་ལ་བྱམས་པའི་ཆུའི་གསད། །གཏི་
༄༅། །མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །ཞེས་སོ། །དེ་ལྟར་ན་བསྡུས་པ་བརྒྱད་ཁྲི་བཞི་སྟོང་དེ། ལྷ་མོ་བཞི་ཞུས་པ་ལས། ཉོན་མོངས་ཁམས་རྣམས་དག་བྱའི་ཕྱིར། །གཉེན་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཞེས་པ་དང་། ལྷའི་མདོ་ལས་ཀྱང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་གྲངས་སྙེད་ཀྱི་ཞེས་གསུངས་སོ། །དེ་ལ་ཕུང་པོའི་ཚད་གང་ལ་བཞག་ན་བརྗོད་བྱའི་ཕུང་པོ་དང་། ཁམས་ལ་སོགས་པ་མི་འདྲ་བ་རེ་རེ་ལ་བཞག་པ་འམ། ཕུང་པོ་རེ་རེ་ལ་ཤུ་ལོ་ཀ་སྟོང་དུ་བཞག་པའམ། གླང་པོ་ཆེ་ས་བསྲུངས་ཀྱི་རྒྱབ་ཁལ་ལ་བཞག་ཞེས་གསུངས་སོ། །