ལྡེའུ་ཆོས་འབྱུང་།
ཆོས་ཀྱི་ངེས་ཚིག།
ལེའུ་སྔོན་མ།
(ཆོས་ཀྱི་ངེས་ཚིག།)
ངེས་ཚིག་ལ་གཉིས་སྟེ་ཐུན་མོངས་དང་ཁྱད་པར་རོ་ཞེས་པ་ལ། ཐུན་མོངས་པ་སྣང་གྲགས་སྤྱི་ལ་འགྲོ་བའི་ངེས་ཚིག་དང་། ཁྱད་པར་བརྗོད་བྱའི་ཆོས་ལ་འགྲོ་བའོ། །དང་པོ་ཐུན་མོངས་པ་ནི་མཚན་ཉིད་མཛིན་པའི་ཕྱིར་ན་ཆོས་ཞེས་བྱ་སྟེ། ས་སྲ་བ་མཚན་ཉིད་མཛིན་པ་དེའི་ཆོས་ཉིད་དོ། །དེ་བཞིན་དུ་ཆུ་གཤེར་མེ་ཚ་རླུང་གཡོ་ནམ་མཁའ་ནི་ཐམས་ཅད་ཀྱི་གོ་འབྱེད་པའི་མཚན་ཉིད་དོ། །ཁྱད་པར་དུ་བརྗོད་བྱའི་ཆོས་ལ་འགྲོ་བའི་ངེས་ཚིག་ནི་ཐུན་མོངས་མ་ཡིན་པས་སྟེ། རྣམ་པར་དཀར་བ་དགེ་བའི་ལོ་ཐོག་རྒྱས་པར་བྱེད་པའི་ཕྱིར་ན་ཆོས་ཞེས་བྱ་སྟེ། དེ་ཡང་ཉོན་མོངས་པ་དང་བྲལ་ནས་འབུད་དྷ་ཐོབ་པའི་རྒྱུར་འགྱུར་བ་ཞིག་ལ་བཞག་གོ །དེ་སྐད་དུ་ཡང་མདོ་སྡེ་ལུང་རབ་གསལ་ལས། ཀུན་རྫོབ་མཚན་ཉིད་མཛིན་པའི་ཆོས། །འཇིག་རྟེན་པའི་ཆོས་ཉིད་དེ། །ཉོན་མོངས་ཟད་པར་བྱེད་པ་ནི། །རྣམ་པར་དཀར་བ་འདས་པའི་ཆོས། །ཞེས་གསུངས་པས་སོ། །