(རྒྱུད་སྡེ་བཞིའི་ཁྱད་པར།)
རྒྱུད་སྡེ་བཞི་པོ་སོ་སོའི་ཁྱད་པར་དང་ཞེས་པ་ནི། ཏྲི་ཡ་བ་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་ཡང་། ཀུན་རྫོབ་ཏུ་ལྷ་དང་བདག་ཉིད་རྗེ་ཁོལ་ལྟ་བུར་འདོད་དེ། ལྷ་ནི་རྗེ་དང་ཁོལ་དུ་གནས་ཞེས་
པའམ། རྟོགས་པ་རྣམ་པར་གྲོལ་བའི་རྒྱུད་ལས། དོན་དམ་སྤྲོས་བྲལ་སྟོང་པའི་ངང་ཉིད་ལས། །ཀུན་རྫོབ་སྒྱུ་མ་ལྟ་བུའི་ལྷར་སྣང་བས། །རྗེ་འབངས་ཚུལ་དུ་དད་པས་རབ་བསྒོམས་ན། །དངོས་གྲུབ་དམ་པ་སངས་རྒྱས་ཉིད་དུ་ཞེས་སོ། །ཨུ་པ་ཡོ་ག་སྤྱོད་པའི་རྒྱུད་ནི། དོན་དམ་པར་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་ཡང་ཀུན་རྫོབ་དུ་གྲོགས་པོའི་ཚུལ་དུ་འདོད། དེ་ཡང་གྲོགས་པོ་ཉིད་དུ་ཉེ་བར་གནས། ཞེས་པའམ། བློ་གྲོས་རྒྱ་མཚོའི་རྒྱུད་ལས། དོན་དམ་རྣམ་དག་ཡེ་ཤེས་ཆེན་པོ་ལས། སྒྱུ་མའི་ཚུལ་དུ་བསྒོམས། སྒྱུ་མ་ལྟ་བུའི་སྔགས་ལམ་ཉིད་ཀྱིས། ཐར་པ་ཆེན་པོ་བྱང་ཆུབ་ཉིད་དུ་འགྱུར། ཞེས་སོ། །རྣལ་འབྱོར་གྱིས་རྒྱུད་ནི་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་ཡང་། ཀུན་རྫོབ་ཏུ་གསེར་འགྱུར་གྱི་རྩི་ལྟར་གཉིས་མེད་དུ་སྒོམས་ཏེ། དེ་ཡང་འཕགས་པ་རྡོ་རྗེ་དམ་ཚིག་མངོན་པར་འབྱུང་པ་ལས། དམ་པའི་དོན་གྱིས་ཆོས་ཉིད་ལས། །རང་རིག་ཡེ་ཤེས་ལྷའི་སྐུ། །གསེར་འགྱུར་རྩིའི་རྣམ་པ་ལྟར། །དབྱེར་མེད་སྒོམས་པས་འབྲས་བུ་ཐོབ། །ཞེས་སོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི། དོན་དམ་དུ་ལྷ་དང་བདག་ཉིད་གཉིས་སུ་མེད་པར་གདོད་ནས་རང་ཆས་སུ་ཡོད་པ་ལ་དེ་ངོ་ཤེས་པར་བྱས་པས་ཆོག་ཏེ། དེ་ལྟར་ཡང་ཡེ་ཤེས་དགོངས་པ་བླ་ན་མེད་པ་ལས། དོན་དམ་སྤྲོས་བྲལ་འོད་གསལ་ཆོས་ཀྱི་སྐུ། །དེ་ཡང་རང་སྣང་དབྱེར་མེད་དལ་ནི། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བ། །ཞེས་པའམ། དེའི་རྣམ་འཕྲུལ་བདེ་བ་ཆེན་པོའི་སྐུ། །བདེ་སྟོང་དབྱེར་མེད་རྣལ་འབྱོར་མཆོག་གི་ལམ་ཞེས་སོ། །ཡང་བྱ་བའི་
༄༅། །རྒྱུད་ནི། ལུས་ཀྱིས་བྱ་བ་ཁྲུས་དང་རྩང་སྦྲ། གོས་གསུམ་རྗེ་ཞིང་ཟས་གསུམ་སྤང་བ་ལ་སོགས་པའི་བྱ་བ་དྲུག་གི་འཇུག་པས་ན་བྱ་བའི་རྒྱུད་དོ། །སྤྱོད་པའི་རྒྱུད་ཨུ་པ་ཡ་ནི་ནང་གི་ཟླས་བརྗོད་གཙོ་བོར་སྟོན་ཅིང་ཕྱག་རྒྱ་དང་ས་མ་ཏི་ཡང་ཞར་ལ་སྟོན་པས་གཉིས་ཀའི་རྒྱུད་ཅེས་བྱའོ། །རྣལ་འབྱོར་གྱིས་རྒྱུད་ཡོ་ག་ནི་ཕྱི་ལུས་ངག་གི་བྱ་བ་ཞར་ལ་སྟོན་ཅིང་། ནང་སེམས་ཀྱིས་ས་མ་ཏི་གཙོ་བོར་སྟོན་པས་ན་རྣལ་འབྱོར་གྱིས་རྒྱུད་དོ། །བསྐྱེད་པ་མ་ཧ་ཡོ་ག་ནི་ལྟ་སྤྱོད་གཉིས་ལ་སྟེན་པས་བསྐྱེད། རྫོགས་པ་ཨ་ནུ་ཡོ་ག་ནི་ལྟ་སྤྱོད་གཉིས་ལ་སྟེན་པས་བསྐྱེད། རྫོགས་པ་ཨ་ནུ་ཡོ་ག་ནི་ལྟ་བ་འབའ་ཞིག་ལ་རྟེན་པས་རྫོགས། ཨ་ཏི་ཡོ་ག་ནི་གང་ལ་ཡང་མི་རྟེན་པས་ན་རྫོགས་པ་ཆེན་པོ་ཞེས་བྱའོ། །དེ་རྣམས་ལ་ལུང་མང་སྟེ་མ་སྤྲོས་སོ། །