ལྡེའུ་ཆོས་འབྱུང་།
བཀའ་ཡི་བསྡུ་བ་གསུམ་པ་བསྟན་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(བཀའ་ཡི་བསྡུ་བ་གསུམ་པ་བསྟན་པ།)

ད་བསྡུ་བ་གསུམ་པ་ལ་ཡང་དོན་བདུན་གྱིས་སྟོན་ཏེ། དེ་ཡང་སྟོན་པ་འདས་ནས་ལོ་སུམ་བརྒྱ་ནའོ། །གནས་ཁ་ཆེའི་ཡུལ་གྱིས་ཀུན་དགའ་ར་བའི་གྲོང་ཁྱེར་ཛྭ་ལ་ཏ་རའི་དགོན་པས་སྟེ། དེའི་གྲོང་གི་བྱེ་བྲག་ཀུ་ན་བི་ནར་རོ། །བསྡུད་པ་ནི་སྐྱེ་བོ་ཐ་མལ་པའི་བྱང་ཆུབ་སེམས་དཔའ་སུ་ན་མི་ཏྲ་དང་། དགྲ་བཅོམ་པ་ཕུར་ནི་ཀིའོ། །དགེ་འདུན་འདུས་པའི་ཚད་ནི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། དགྲ་བཅོམ་པ་ལྔ་བརྒྱ། སོ་སོའི་སྐྱེའོ་ཁྲི་སྟོང་དྲུག །ཚུལ་སྦྱོར་བའི་

94a

༄༅།       །ཡོན་བདག་དང་། གསོལ་བ་འདེབས་པ་གཉིས་ཀ་རྒྱལ་པོ་ཀ་ནི་ཀ་ཏེ། དེས་དབྱར་ཟླ་བ་གསུམ་དུ་འཚོ་བ་དང་། གདན་མལ་སྦྱར། ར་རྩ་དེ་ཡང་བློ་དང་ཤེས་རབ་དང་ལྡན་པ་དད་པ་ཆེ་བ་ཆོས་ལ་མོས་པ་གཅིག་སྟེ། དེས་འབུད་དྷའི་ཆོས་བཀའ་འདི་རྣམས་ལ་ལྷད་ཞུགས་སམ་མ་ཞུགས་གཟིགས་པས་སྔ་མ་བས་གཞུང་ཉམས་པར་མཐོང་ནས། བསྡུ་བ་བྱས་པས། སོ་སོའི་སྐྱེ་བོ་མི་རྗེད་པའི་གཟུང་མ་ཐོབ་པ་རྣམས་ལྷག་ཆད་དུ་འདོན་པར་འདུག་ནས། དུས་དེར་འབུད་དྷའི་སྟན་པ་ཡུན་རིང་དུ་གནས་པར་བྱ་བ་དང་། མ་འོངས་པའི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར། བཀའ་སྡེ་སྣོད་རྣམས་གཞུང་ཚིག་ཡི་གེར་བསྡུས་སྟེ། སྤོ་ཏི་དང་གླེགས་བམ་དུ་བྲིས་ལ། དེ་ལ་སྤོས་ཀྱིས་གླང་པོ་ཆེའི་ཁལ་ལྔ་བརྒྱ་བྱུང་ནས། དེ་དག་ལ་རབ་གནས་བྱས་ནས་བཞག་གོ །དེའི་དུས་སུ་བསྡུས་པའི་ཆོས་ནི་གྱེས་པའི་སྡེ་བཅྭོ་བརྒྱད། རྩ་བའི་སྡེ་བཞིར་བསྡུས་སྟེ། དེ་ཡང་ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམས་ལ་བཅྭོ་བརྒྱད་འདོད། །སྟོན་པ་ཐ་དད་ཡོད་མ་ཡིན་ཞེས་པ་དང་། ཡང་དེ་སྐད་དུ་ཡང་ཤཀྱ་སེང་གེའི་སྟན་པ་འདི། །དེ་ལྟར་རྣམ་པ་བཅྭོ་བརྒྱད་དུ། །གྱུར་ཏེ་འགྲོ་བའི་བླ་མ་དེའོ། །སྔོན་གྱིས་འཕྲིན་ལས་དབང་གིས་ན། །ཞེས་ཏེ། རྩ་བ་བཞི་ལས་དང་པོ་ཐམས་ཅད་ཡོད་པར་སྨྲ་བ་ལས། བདུན་དུ་གྱེས་ཏེ། གཞི་ཐམས་ཅད་ཡོད་པར་སྨྲ་བ་དང་། འོད་སྲུངས་

94b

སྡེ། ཆོས་སྲུངས་སྡེ། མང་ཐོང་སྡེ། གོས་དམར་ཅན་གྱིས་སྡེ། རྣམ་པར་ཕྱེ་ཏེ་སྨྲ་བའི་སྡེ། ས་སྲུངས་ཀྱིས་སྡེའོ། །དགེ་འདུན་ཕལ་ཆེན་པའི་སྡེ་ལྔའོ། །ཤར་གྱི་རི་བོ་བའི་སྡེ། ནུབ་ཀྱི་རི་བོ་བའི་སྡེ། གངས་རི་གནས་པ། འཇིག་རྟེན་འདས་པར་སྨྲ་བའི་སྡེ། བདག་པར་སྨྲ་བའི་སྡེའོ། །དགེ་འདུན་གནས་བརྟན་པའི་སྡེ་གསུམ་སྟེ། རྒྱལ་བྱེད་ཚལ་ན་གནས་པའི་སྡེ། འཇིགས་མེད་རིགས་ན་གནས་པའི་སྡེ། གཙུག་ལགས་ཁང་ན་གནས་པའི་སྡེའོ། །དགེ་འདུན་མང་པོ་བསྐུར་བའི་སྡེ་གསུམ་ཏེ། ས་སྒྲོགས་རིགས་ཀྱི་སྡེ། སྲུངས་པའི་སྡེ། གནས་མ་བུའི་སྡེའོ། །དེ་ལྟར་བཅྭོ་བརྒྱད་པོ་དེ་སྡེ་བཞིར་བསྡུས་སོ། །དེ་ལྟར་གླེགས་བམ་དུ་བཀོད་ནས་གང་ཟག་ཐ་དད་ལ་གཉེར་དུ་གཏད་དེ། འབུམ་ཞལ་ཆེམས་ཡིན་པས་ཀླུ་ལ་གཏད། ཉི་ཁྲི་རྒྱལ་བྱིན་ལ། ཁྲི་བརྒྱད་སྟོང་པ་དང་ཁྲི་པ་ལ་སོགས་པའི་ཤེས་རབ་འཕྲན་འདུས་རྣམས། བྱམས་པའི་ཕ་ལྷ་ལག་བརྒྱ་པོ་ལ་གཏད། རྒྱ་སྟོང་པ་དང་བསྡུད་པ་རྣམས་ཐོས་སྲས་ལ་གཏད། གསང་སྔགས་ཐམས་ཅད་མཁའ་འགྲོ་མ་ལ་གཏད། མདོ་ཕྱོགས་ལ་སོགས་པའི་གསུང་རབས་ཕལ་པོ་རྡོ་རྗེ་གདན་གྱིས་ཀེའུ་ཚང་དུ་བཞུགས། དེ་རྩ་ན་མི་རྣམས་དད་པ་དང་བརྩོན་འགྲུས་རྫུ་འཕྲུལ་ཆུང་པས། གླེགས་བམ་མ་ཐོབ་ཏེ། འོ་ན་ཡང་རྒྱལ་པོ་མ་སྐྱེས་སྒྲས་གླང་པོ་ཆེའི་ཁལ་གཅིག་རྩམ་སྤྱན་དྲངས་ཞེས་གྲགས། ཕོད་གཅིག་མི་ཡུལ་ཏུ་ཆོས་གཅིག་ཀྱང་མ་ཐོབ་དེ། ཆོས་ནུབ་པ་རྩམ་དུ་

95a

༄༅།       །གྱུར་ཀྱང་ཟེར་རོ། །དེ་ནི་ཁྱད་པར་རམ་ཐེགས་ཆུང་གི་བསྡུ་ལུགས་སོ། །ད་དེ་ལས་ཀྱང་བྱེ་བྲག་ཏུ་ཕྱེ་ན། ཐེགས་པ་གསུམ་ལས་ཐེགས་པ་ཆེན་པོར་བཞེད་ཀྱིས། མདོ་སྡེ་ཕྱག་རྡོར་གྱིས་གསུངས། འདུལ་བ་བྱམས་པས། སྔོན་པ་འཇམས་དཔལ་གྱིས་གསུངས་ཞེས་ཟེར་རོ། །ཐེགས་པ་ཐུན་མོངས་ཀྱིས་བཞེད་པས་གསང་པའི་བྲག་དུ་འཚོགས་པའི་དུས་སུ། ཀུན་དགའ་བོ་ལ་གསོལ་བ་བཏབ་པ་སྟེ། ཚེ་དང་ལྡན་པས་མདོ་སྡེ་གསུང་ཞེས་ཞུས་པས། ཉི་མ་ཕྱེད་ན་འདུལ་བ་བསྡུས། ཡང་འོད་སྲུངས་ལ་གསོལ་བ་བཏབ་ནས། ཚེ་དང་ལྡན་པས་མངོན་པ་གསུང་ཞེས་ཞུས་པས། འོད་སྲུངས་ཀྱི་དགོངས་ཀ་མངོན་པ་བསྡུས་ཞེས་གྲག་གོ །ཐེགས་ཆུང་གི་ལུགས་གོང་དང་མཚུངས་སོ། །འོ་ན་བསྡུད་པ་པོ་མང་དུ་བྱུང་པར་གནང་པས། ཆོས་རེ་རེ་ལ་བསྡུད་པ་པོ་རེ་རེ་དགོས་ན། བསྡུད་པ་པོ་གཅིག་དུ་བཞག་པ་མི་འགལ་ལམ་ཞེས་ན། དེ་མི་འགལ་ཏེ་སྔོན་ཐུན་མོངས་སེམས་བསྐྱེད་ཀྱི་དུས་ཀྱི་ཁྱེའུ་ཆོས་ཀྱི་སེམས་དཔའ་སྟེ། དེ་ནི་སྨོན་ལམ་གྱིས་དབང་གིས་ད་ལྟའི་ཕྱག་ན་རྡོ་རྗེའོ། །དེ་ཡང་རང་རྒྱུད་པ་མ་ཡིན་ཏེ་སྤྲུལ་པར་འབྱུང་པས་སྟེ། འབུད་དྷ་ཉིད་ཀྱི་རྣམ་འཕྲུལ་ལོ། །དེ་སྐད་དུ་ཡང་གཟུང་ལས། མང་དུ་ཐོས་པ་གསང་སྔགས་འཆང་ཀུན་དགའ་བོ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། ཀུན་དགའ་བོ་ཉན་ཐོས་གཅིག་གསང་སྔགས་མི་འཆང་ཏེ། འཆང་བར་གསུང་པ་དེ་ཡང་ཕྱག་རྡོར་གསང་སྔགས་ཀྱི་བདག་པོ་ཡིན་པས། དེ་དང་

95b

ཐ་མི་དད་དུ་གྱུར་པ་འམ་ཐ་མི་དད་དུ་བྱུང་པས་དེ་སྐད་དོ། །གཞན་ཡང་ཐུན་མོངས་མ་ཡིན་པའི་གསང་པ་ཞེས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། ཀུན་དགའ་བོ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་དེ་ཕྱག་ན་རྡོ་རྗེ་ཡིན་ལ། རྡོ་རྗེ་འཆང་ཆེན་པོ་ཡང་དེ་ཉིད་ལས་གཞན་དུ་མ་ཡིན་ནོ་ཞེས་ཀྱང་གསུང་པས། བསྡུད་པ་པོ་གཅིག་དུ་འཐད་དེ་དེ་ཉིད་སངས་རྒྱས་ཀྱི་རྣམ་འཕྲུལ་ཏུ་བྱུང་པའོ། །འོ་ན་མང་དུ་ཇི་ལྟར་སྣང་ན། མཚན་ཉིད་ཀྱི་ཐེགས་པ་ཀུན་དགའ་བོ་དང་། འོད་སྲུངས་དང་ཉེ་བར་འཁོར་ལ་སོགས་པས་བསྡུས། གསང་སྔགས་སྤྱི་རྩམ་ཕྱག་ན་རྡོ་རྗེས་སྡུས། ཡོ་གའི་རྒྱུད་རྡོ་རྗེ་ཆོས་ཀྱིས་བསྡུས། གསང་སྔགས་མ་རྒྱུད་རྡོ་རྗེ་སྙིང་པོས་བསྡུས་ཞེས་གོང་མ་རྣམས་ཀྱི་གསུང་སྒྲོས་ལས། བྱུང་པས་གཞུང་དུ་ཡང་དེ་སྐད་རེ་ཤིག་བཀོད་པ་རྩམ་མོ། །དེ་ལྟར་ན་འབུད་དྷ་མངོན་པར་འབུད་དྷ་ནས། དང་པོ་ལྔ་སྡེ་བཟང་པོ་ལ་བདེན་པ་བཞི་གསུངས་ནས། གང་ཟག་དུ་མཛིན་པ་ཟློག་ཏེ་ཆོས་བདག་མེད་པ་བསྟན། དེས་ན་གཉན་ཡོད་དུ་སེམས་རྩམ་གྱི་མདོ་ཕལ་ཆེན་ལ་སོགས་གསུང་ནས་ཕྱི་རོལ་གྱི་དོན་ལས་བློ་ཟློག །ཤེས་བྱ་ནང་གི་ཚུལ་རྣམ་པར་རིག་པ་རྩམ་ལ་བཀོད། དེ་ནས་མཚན་ཉིད་མེད་པའི་མདོ་གསུངས་ནས། རྣམ་རིག་སེམས་ལ་མངོན་པར་ཞེན་པ་རྩམ་དེ་ཡང་སྤང་ཏེ། དེ་ཁོ་ན་ཉིད་ལ་བློ་སྦྱོང་བར་མཛད། དེ་ལ་སོགས་པའི་ཆོས་མང་དུ་གསུང་

96a

༄༅།       །པས། གང་ཟག་ཐམས་ཅད་སྨིན་པར་མཛད་དེ། པྲ་པ་ཀ་(ཉན་ཐོས་)ཐོས་སྒྲོགས་ལ་བཀོད། པྲ་ཏེ་ཀ་(རང་རྒྱལ་)རྟེན་འབྲེལ་ལ་བཀོད། འབུད་དྷེ་སྭ་ཏྭ་(བྱང་ཆུབ་སེམས་དཔའ་)མ་ཏ་ཡ་ན་ལ་བཀོད། མ་ནུ་(རྗེས་སུ་)བསྐལ་བ་མེད་པ་རྣམས་ཀྱང་མངོན་པར་མཐོ་བ་དང་། ཐ་ན་མཐོང་བའི་ཆོས་ལ་ཡིད་ཆེས་པ་རྩམ་ལ་བཀོད། ཐ་མ་དགེ་གཉེན་དང་དྲི་ཟ་རབ་དགའི་བར་དུ་བརྟུལ་ཏེ། དེ་ནས་ལེ་ལོ་ཅན་ཆོས་ལ་མཛུད་པ་དང་། རྟགས་པར་མཛིན་པ་རྣམས་སྐྱོ་བ་སྐྱེད་པའི་ཕྱིར། གྲོང་ཁྱེར་རྩ་མཆོག་དུ་དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་སྟན་ནོ། །དེ་ནས་བཀའ་བསྡུ་བ་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་མཛད་དེ།