ལྡེའུ་ཆོས་འབྱུང་།
རིགས་པ་ཅན་གྱི་རྒྱལ་པོ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(རིགས་པ་ཅན་གྱི་རྒྱལ་པོ།)

རིགས་པ་ཅན་གྱིས་རྒྱལ་པོ་ལ་མཐོ་རིགས་བཅུ་དང་། ངན་སོང་ཉི་ཤུའོ། །དེ་ལ་དམྱལ་བའི་རྒྱལ་པོ་རགྴ་གླང་མགོ་ཅན། ཡི་དགས་རྒྱལ་པོ་དབྱིངས་ན་གནས་པ་ཁ་འབར་མ། མཁའ་ལ་རྒྱུ་བ་ལ་བརྒྱད་དེ། ༐ གཟའི་རྒྱལ་པོ་ཁྱབ་འཇུག །བདུད་ཀྱིས་རྒྱལ་པོ་བྱེ་བ་གུང་རིང་། སྲིན་པོའི་རྒྱལ་པོ་གཉའ་རིངས་ཕྲག་མེད། བཙན་གྱིས་རྒྱལ་པོ་ཡམ་ཤུད་དམར་པོ། ཀླུའི་རྒྱལ་པོ་ཆར་འབེབས་ཆེན་པོ། གཉན་གྱིས་རྒྱལ་པོ་ཁ་བྱང་རྒྱལ་བ། རྒྱལ་པོའི་རྒྱལ་པོ་ལི་བྱིན་ཧ་ར། ཐེ་རིང་རྒྱལ་པོ་རྡོ་རྗེ་ལེགས་པ་སྟེ། དེ་ཚོ་དམྱལ་བ་དང་ཡི་དགས་ཀྱིས་རྒྱལ་པོ་བཅུ་ཐམས་པའོ། །བྱོལ་སོང་གིས་རྒྱལ་པོ་ལ་ཡང་བཅུ་ཏེ། གླང་གིས་རྒྱལ་པོ་རབ་དུ་བརྟན་པ། ཅན་ཟན་གྱིས་རྒྱལ་པོ་སེང་གེ །རྟའི་རྒྱལ་པོ་ངང་པ་གསེར་ལྡན། རི་དགས་ཀྱིས་རྒྱལ་པོ་རུ་རུ། སྤྲེའུ་ཡི་རྒྱལ་པོ་ཧ་ལུ་མ་འདུ། ཉའི་རྒྱལ་པོ་ཉ་ཆེན་ཡོར་མོ། ཁྱིའི་རྒྱལ་པོ་གུ་གུ་ར་རྩ། འདབས་ཆགས་ཀྱིས་རྒྱལ་པོ་ལ་གསུམ་སྟེ། ཤ་ཟན་གྱིས་རྒྱལ་པོ་བྱ་ཁྱུང་ཀ་རུ་ཎ། འདམ་ཟན་གྱིས་རྒྱལ་པོ་ངང་པ་གསེར་གྱིས་བྱ། རྒུམ་འཐུན་གྱིས་རྒྱལ་པོ་ས་ལན་

109b

ཏ་ཀའོ། །དེ་ངན་སོང་གི་རྒྱལ་པོ་ཉི་ཤུའོ། །དེ་སྐད་དུ་འང་རིན་ཆེན་དཔུང་པ་ལས། དམྱལ་བའི་རྒྱལ་པོ་རགྴ་གླང་མགོ་ཅན། །ཁྱད་དུ་པར་དགེ་སྡིག་གཉིས་ཀྱི་ཞལ་ཆེ་གཅོད། །ཡི་དགས་རྒྱལ་པོ་ཕྱེ་ན་རྣམ་པ་གཉིས། །དབྱིངས་ན་གནས་དང་མཁའ་ལ་རྒྱུ་བ་གཉིས། །དབྱིངས་ཀྱི་རྒྱལ་པོ་ཁ་ལ་མེ་འབར་མ། །ཁྱད་པར་ཁའི་ནང་ན་མེ་ལྕེ་འབར། །མཁའ་ལ་རྒྱུ་བའི་ཡི་དགས་རྒྱལ་པོ་བརྒྱད། །གཟའི་རྒྱལ་པོ་ཁྱབ་འཇུག་ཆེན་པོ་ཡིན། །ཁྱད་པར་ཉི་མ་ཟླ་བ་ལྟོ་རུ་ཟ། །འཁོར་དུ་ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ། །བདུད་ཀྱིས་རྒྱལ་པོ་བྱེ་བ་འགུག་རིངས་ཡིན། །ཁྱད་པར་སྲིད་པ་གསུམ་གྱིས་སྲོག་ལ་དབང་། །སྲིན་པོའི་རྒྱལ་པོ་གཉའ་རིངས་ཕྲག་མེད་ཡིན། །ཁྱད་པར་ཕྲག་པའི་ཁ་ན་མིག་རེ་ཡོད། །བཙན་གྱིས་རྒྱལ་པོ་ཡམ་ཤུད་དམར་པོ་ཡིན། །ཁྱད་པར་བཙན་ཕྲན་མང་པོ་འཁོར་དུ་བསྡུད། །ཀླུའི་རྒྱལ་པོ་ཆར་འབེབ་ཆེན་པོ་ཡིན། །ཁྱད་པར་སྤྱི་གཙུག་སྤུང་པ་གཡས་གཡོན་དང་། །ཐུགས་ཀྱི་དཀྱིལ་འཁོར་ལྟེ་བའི་དཀྱིལ་དང་ལྔ། །ནོར་བུ་རིན་ཆེན་ལྔའི་བརྒྱན་ཆ་ཡོད། །གཉན་གྱིས་རྒྱལ་པོ་ཁ་ཅང་རྒྱལ་བ་ཡིན། །ཁྱད་པར་གཉན་དང་མིའི་ཤག་འགྱེད་ཡིན། །རྒྱལ་པོའི་རྒྱལ་པོ་ལི་བྱིན་ཧ་ར་ཡིན། །ཁྱད་པར་འཛམ་བུ་གླིང་ལ་དབང་བྱེད་ཡིན། །ཐེ་རང་རྒྱལ་པོ་རྡོ་རྗེ་ལེགས་པ་ཡིན། །ཁྱད་པར་གནམ་ཐེ་བར་ཐེ་ས་

110a

༄༅།       །ཐེ་གསུམ། །འབངས་སུ་བསྡུས་ནས་བྲན་དང་གཡོག་དུ་འཁོལ། །ད་ནི་དུད་འགྲོའི་རྒྱལ་པོ་བཅུ་སྟན་ཏེ། །གླང་ཆེན་རྒྱལ་པོ་རབ་དུ་བསྟན་པ་ཡིན། །ཁྱད་པར་སྟེང་དུ་དམག་དཔུང་མང་པོ་ཐེག །རལ་གྲི་སྣ་ལ་བཏགས་པས་དམག་དཔུང་འཇོམས། །གཅན་གཟན་རྒྱལ་པོ་སེང་གེ་ཅེས་བྱ་བ། །ཁྱད་པར་སྒྲ་སྐད་སྒྲགས་པ་ཙམ་གྱིས་ནི། །སྡེར་ཆགས་ཐམས་ཅད་འདར་ཞིང་ཟིལ་གྱིས་གནོན། །རྟའི་རྒྱལ་པོ་ངང་པ་གསེར་ལྡན་ཡིན། །ཁྱད་པར་རྗེས་བཞི་ས་ལ་མི་རེག་སྐད། །རི་དགས་རྒྱལ་པོ་སེམས་ཅན་རུ་རུ་ཡིན། །ཁྱད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོད། །ལུས་ཀྱི་ཤ་ཁྲག་སྦྱིན་པར་གཏོང་བར་ནུས། །སྤྲེའུ་ཡིས་རྒྱལ་པོ་ཧ་ལུ་མ་དྷུ་ཡིན། །ཁྱད་པར་ཕ་རོལ་ཅི་སེམས་མངོན་དུ་ཤེས། །ཉའི་རྒྱལ་པོ་ཉ་ཆེན་ཡོར་མོ་ཡིན། །ཁྱད་པར་ལུས་ལ་དཔག་ཚད་བཞི་ཁྲི་ཡོད། །ཀྱིའི་རྒྱལ་པོ་གུ་གུ་ར་ཙ་ཡིན། །ཁྱད་པར་རིགས་ལས་འཁྱལ་པ་བཞི་ལ་དབང་། །འདབ་ཆ་བྱ་ལ་རྒྱལ་པོ་གསུམ་དུ་བྱུང་། །ཤ་ཟན་རྒྱལ་པོ་བྱ་ཁྱུང་ཀ་རུ་ཎ། །ཁྱད་པར་ཟས་སྐལ་ནག་པོའི་ཀླུ་ལ་བྱེད། །མིག་གིས་དཔག་ཚད་རྒྱ་བཅུ་ཚུན་ཆད་མཐོང་། །འདབ་ཆགས་རྒྱལ་པོ་ངང་པ་གསེར་གྱི་བྱ། །ཁྱད་པར་ཆུ་དང་འོ་མ་འབྱེད་པ་ཤེས། །རྒུམ་མཐུན་རྒྱལ་པོ་ས་ལ་ཏ་ཀ་ཡིན། །ཁྱད་པར་སེམས་ཅན་ཤའི་སྡོམ་པ་སྲུངས། །དེས་ནི་ངན་སོང་གི་རྒྱལ་པོ་བཤད་ཅེས་སོ། །མཐོ་རིས་ཀྱི་རྒྱལ་པོ་ལ་བཅུ་ཏེ། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟངས་རིས། སྟོང་ས་

110b

མཛིན་གྱིས་རྒྱལ་པོ་ཕྱོགས་བཞིའི་རྒྱལ་པོ་ཆེན་པོ་བཞི། སྟོང་སྤྱི་ཕུད་ཀྱིས་རྒྱལ་པོ་ཚངས་པ་དང་རྒྱལ་བྱིན། མིའི་རྒྱལ་པོ་ལ་གདུང་རྒྱུད་ཀྱིས་རྒྱལ་པོ། སྐོས་པའི་རྒྱལ་པོ། བློ་བུར་གྱིས་རྒྱལ་པོ་དང་གསུམ་མོ། །དེ་སྐད་དུ་ཡང་རིན་ཆེན་དཔུང་པ་ལས། ལྷ་མིན་རྒྱལ་པོ་ཐག་ཟངས་རི་བཀྲ་ཡིན། །ཁྱད་པར་མཚོན་གྱིས་རི་མོ་རང་ཆས་ཡོད། །ལྷའི་དབང་པོ་རྒྱལ་བྱིན་གཉེན་ཟླ་ཡིན། །ལྷུན་པོའི་ཕྱོགས་བཞི་ས་མཛིན་རྒྱལ་པོ་བཞི། །ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུངས་ཞེས་བྱ། །བློན་པོའི་ཚུལ་དུ་ཟུར་ཕུད་ལྔ་པ་སྐོས། །དྲི་ཟ་རྣམས་ལ་དབང་བསྒྱུར་རྗེ་དང་འབངས། །ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ་ཞེས་བྱ། །བློན་པོའི་ཚུལ་དུ་འབྱོན་པ་རྟ་མགོ་ཅན། །གཤིན་རྗེའི་འཁོར་ལ་དབང་བསྒྱུར་རྗེ་དང་འབངས། །ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟངས་ཞེས་བྱ། །བློན་པོའི་ཚུལ་དུ་གཙུག་ན་རིན་ཆེན་སྐོས། །ཀླུའི་འཁོར་ལ་དབང་སྒྱུར་རྗེ་དང་འབངས། །བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས་ཞེས་བྱ། །བློན་པོའི་ཚུལ་དུ་ལགས་ན་རྡོ་རྗེ་སྐོས། །གནོད་སྦྱིན་འཁོར་ལ་དབང་སྒྱུར་རྗེ་དང་འབངས། །སུམ་བཅུ་རྩ་གསུམ་རྒྱལ་པོ་རྒྱལ་བྱིན་ཡིན། །འཁོར་དུ་ཉེ་དབང་སུམ་བཅུ་རྩ་གཉིས་ཡོད། །རི་རབ་ལྷུན་པོའི་སྟེང་ཡང་དབང་པ་ཡིན། །འཇིག་རྟེན་མིས་པོ་ཚངས་པ་ལགས་སོ་སྐད། །འཁོར་དུ་ཚངས་རིས་ཚངས་པ་འདུན་ན་འདོན། །བཅོམ་པ་དང་ལྡན་འཇིག་རྟེན་འདིའི་བདག །ཅེས་བཤད་དོ། །དེ་ནི་རྒྱལ་པོ་ཅིའི་མཚན་ཉིད་བཤད་ཟིན་ཏོ། །