(བཞི་པ་བོད་གློ་བུར་རྒྱལ་པོའི་ཆད་ལུགས་སྟོན་པ།)
ད་ནི་བོད་བློ་བུར་རྒྱལ་པོའི་ཆད་ལུགས་གསུམ་སྟོན་གྱིས། སྟེང་གཉིས་ཀྱི་ལོ་རྒྱུས་དང་བཅས་པ་སྟོན་ཏེ། གཞུང་ལས། དེ་ནས་གཉའ་ཁྲི་བཙན་པོ་བྱོན་པ་ལ། གླེང་ལུགས་མ་མཐུན་གསང་སྒྲགས་ཡང་གསང་ཟེར། གང་ལྟར་ཐེན་ཀྱང་གཉའ་ཁྲིར་མཐུན་པ་སྟེ། ཡང་གསང་ཐེ་བྲང་ལས་ཆད་གཉའ་ཁྲིར་སྟགས་སྐད། ཡུལ་སྤུ་བོའི་ཡུལ་ནས་སྤུའི་མི་མོ་མོ་བཙུན་བྱ་བའི་རུམ་ནས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཆུང་དག་ཐེ་རང་མ་སྙ་ཨུ་བེ་ར་བྱ་བ། ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ། ཕྱག་སོར་དྲ་བར་འབྲེལ་
བ། ཤིན་དུ་གདུག་རྩུབ་དང་ནུས་མཐུ་ཆེ་བ་གཅིག་བྱུང་པས། འདི་ཐུ་དྲགས་བཤུག་དགོས་ཟེར་ནས། སྤུ་བོའི་ཡུལ་གྱི་བན་བོན་ནུས་མཐུ་ཅན་རྣམས་ཀྱི་ཐེ་བྲང་སྐྱས་འདེབས་བྱས་ནས་བོད་དུ་བཤུགས་པ་ལ། དེར་བོད་ཀྱིས་མི་རྗེ་འཚོལ་བ་དང་ཕྲད་ནས་ཁྱོད་ཅི་འདྲ་ཅིག་ཡིན་བྱས་པས། ང་སྤུ་བོའི་ཡུལ་གྱི་མི་གཅིག་ཡིན་ཟེར་བས། འོ་ན་ཕྱག་སོར་དང་ལྕེ་ངོ་མཚར་ཆེ་བ་གཅིག་འདུག་པ། ཁྱོད་ལ་ནུས་མཐུ་འདྲ་བ་ཅི་ཡོད་བྱས་པས། ཁོ་ན་རེ་ནུས་མཐུ་དང་རྫུ་འཕྲུལ་ཆེ་གྲགས་པས་བཤུགས་པ་ཡིན་ཟེར། འོ་ངེད་ཀྱིས་རྗེ་བཅོལ་ལོ་བྱས་ནས། གཉའ་བའི་ཁྲི་ལ་བླངས་ནས། འདི་རྗེ་གཉའ་ཁྲི་བཙན་པོ་ཡིན་བྱས་ནས་རྗེས་བཅོལ་བའི་ལོ་རྒྱུས་གདའ་སྟེ། དེ་ནི་རྗེའི་སྔན་ནམ་འཚང་ལགས་སོ། །གསང་བ་བོན་ལུགས་འདོད་ཁམས་ལྷ་ལས་ཆད་སྐད་པ། དེ་ལ་སྤྱི་དོན་ཕྱེད་དང་གཉིས་ཀྱིས་སྟོན། ཅན་ལྔ་ལོག་ནོན་གསང་པ་ཡང་ཆུང་ཕྱེད་སྐད་པ། བོད་བློ་བུར་རྒྱལ་པོ་ལ་གླེང་པའི་ཚིག་ཕྱེད་དང་བདུན་གྱིས་སྟོན་ཏེ། ཡོ་ག་ལྷ་དགེས་ཅན། ཟངས་མ་བཞུག་རལ་ཅན། སྟབ་མ་དགུ་རྩེགས་ཅན། ཟིང་པོ་མགོ་སྔོན་ཅན། གསང་པ་ཕྱག་རྒྱ་ཅན། དགེ་བཤེས་ཁུ་དང་རྒྱ་ལྷ་པོས་བརྩམས་པ་ལོ་རྒྱུས་ཆེན་པོ་འམ་ལོག་ནོན་ཆེན་པོ། གསང་བ་ཡང་ཆུང་ནི་གཤིན་བང་སོ་སྟབས་པའི་རབས་ཡིན་པས་ཕྱེད་དུ་འཇོག་པ་ལགས་སོ། །དེ་ཚོས་ཡང་
༄༅། །སྟོད་ལྷ་རབས། བར་མངའ་དར། ཐ་མ་གྱེས་མདའ་འམ། སིལ་ཆད་བགྱི་བར་གདའ། སྟོད་ལྷ་རབས་སམ་ཡོ་ག་ལྷ་དགེས་ཅན་གྱི་དབང་དུ་བགྱིས་ན་གཞུང་ལས། དང་པོ་ཡེ་མེད་སྟོང་པའི་ངང་ཉིད་ལས། ཞེས་པ་ལ་སོགས་པས་སྟོན་ཏེ། དང་པོ་སྐལ་པས་བས་སྐལ་སྲིད་པས་མ་སྲིད་རྩམ་ན། ཕྱ་ཡེ་མཁྱེན་ཆེན་པོ་བྱ་བ་གཅིག་སྲིད་པ་ཕྱ་ཡིས་སྐོས་སྟེ་བྱུང་། དེ་ལས་ཁོ་མ་འབྲོ་རྗེའི་ལེགས་པའི་ཧོར་དྲུག་ཞེས་པ་གཅིག་སྲིད། དེའི་ཞལ་གྱིས་ངད་པ་སྤྱན་གྱི་སྒྲོས་མ། དབུ་སྐྲ་ཕྱར་ཁྱོར་རྩམ་གཅིག་གནས་པ་སྟེ། གནམ་ས་ཆ་མ་ཕྱེད་ཀྱིས་བར་དུ་ཕུས་སྟབ་པས། གནམ་ས་ཆ་ཕྱོད་དེ། གནམ་རིམས་པ་བཅུ་གསུམ་ནི་ཁང་རིམ་ཁང་དུ་ཡས་ཕུབ། ས་རིམས་པ་བཅུ་གསུམ་ནི་གདན་རིམས་གདན་དུ་མས་གཏིང་། གནམ་ས་གའུ་ཁ་སྦྱོར་དེའི་ནང་དུ་འོད་དཀར་ནག་གཉིས་སུ་སྲིད། དཀར་པོ་ཡོད་ཀྱི་ཁ་མཛིན། ནག་པོ་མེད་ཀྱི་ཁ་མཛིན། ཡོད་མེད་གཉིས་ཀྱི་འཕྲོ་འདུ་ལས། གསེར་གྱི་མེ་ཏོག་སེར་པོ་དང་། གཡུའི་མེ་ཏོག་སྔོན་པོར་སྲིད། གསེར་གྱི་མེ་ཏོག་སེར་པོས་ཡབ་ཀྱི་རྒྱུ་བྱས། གཡུའི་པད་མ་སྔོན་པོས་ཡུམ་གྱིས་རྒྱུ་བྱས་ནས། ཡབ་ཡུམ་གཉིས་ཀྱི་འཕྲོ་འདུ་ལས། སྲིད་པའི་ལྷ་རྗེ་ཁ་དང་སྐྱོལ་མེད་བྱ་བ་སྲིད། དེ་དང་ཡུམ་དབྱིངས་ཀྱི་སྐྱོལ་མེད་སྲིད་པའི་སྲས། མེས་རྣམ་ལ་ཀར་གསུམ་དུ་སྲིད། དེ་དང་ཕྱ་ཟ་ཡེ་ཐན་མ་རུ་སྲིད་པའི་སྲས་སྐར་མ་ཡོལ་ལྟེ། དེ་དང་གཡུ་རི་
ཕྱུག་མོ་སྲིད་པའི་སྲས་ལྷ་རབས་མཆེད་བཞི་སྲིད། དཀར་ནམ་རྒྱལ་བ། ལྟིང་རྒྱུ་དཀར་པོ། ལྷ་ཁྲི་ཤེལ་དཀར། ཐ་ཆུང་རྩེར་རྩེར་དང་བཞི་སྲིད། ལྟིང་རྒྱུ་དཀར་པོ་ཤར་ལུས་འཕགས་པོའི་ལྷར་གཤེགས། དཀར་ནམ་རྒྱལ་བ། ནུབ་བ་ལང་སྤྱོད་གྱིས་ལྷར་གཤེགས། ཁྲི་ཤེལ་དཀར་པོ་ལྷོ་འཛམ་བུ་གླིང་གི་ལྷར་གཤེགས། ཐ་ཆུང་རྩེང་རྩེང་བྱང་སྒྲ་མི་སྙན་གྱི་ལྷར་གཤེགས། ཁྲི་ཤེལ་དཀར་པོ་ལས་རྗེའི་འགུར་ལྷ་མཆེད་གསུམ་སྲིད། ཕྱི་ལྷ་ཐོག་དཀར། བར་ལྷ་འོད་འབར། ནང་ལྷ་གུལ་རྒྱལ་གསུམ་དུ་སྲིད། དེ་གསུམ་གྱི་ལྗགས་ཀྱི་ཆིལ་མ་གནམ་དུ་གཏོར་བ་ལས། སྤྲིན་དཀར་ཕྱིང་ཆུང་རྩམ་གཅིག་ཆགས། དེའི་དཀྱིལ་ན་དུང་གི་མི་པོ་དཀར་པོ་ལ། གཡུའི་རྭ་ཆག་གང་སྐྱེས་པ་གཅིག་དུ་སྲིད། དེ་ལ་མིང་བཏགས་པ་གནམ་ཐེན་ཆེ། དེའི་སྲས་རྒུང་ཐེན་ཆེ། དེའི་སྲས་སྤྲིན་ཐེན་ཆེ། དེའི་སྲས་ཟིལ་ཐེན་ཆེ། དེའི་སྲས་ཆར་ཐེན་ཆེ། དེའི་སྲས་མོང་ཐེན་ཆེ། དེའི་སྲས་གནམ་ལ་རོང་རོང་། དེ་དང་དབྱལ་ཆ་མ་ཏིང་དུ་བཤོས་པའི་སྲས་ཡབ་སྟག་ཆ་ཡལ་ཡོལ་ཞེས་བྱ། དེ་གནམ་རིམས་པ་བཅུ་གསུམ། ཁ་ཡོལ་དང་བཅུ་བཞི། སྟོང་མེར་དང་བཅྭོ་ལྔའི་སྟེང་ཕོ་བྲང་རྒྱུ་རིན་ཆེན་སྣ་ལྔ་ལས་གྲུབ་པ། རྨང་གཞི་ལྕགས་ལ་བྱས་པ། ཟུར་བཞི་གསེར་གྱི་སྤྲས་པ། བ་གམ་ཤེལ་དང་འཆོང་། ཁ་ཁྱེར་གཡུའི་བད། ལྕོག་བཞི་
༄༅། །དུང་ལ་བྱས་པ། ཐོགས་ནི་ཤེལ་གྱིས་དགུ་རིས་སུ་ཕུབ་སྟེ། ཕྱི་ནས་ལྟས་ན་ནང་གསལ། ནང་ནས་ལྟས་པས་ཕྱི་གསལ་བའི་ནང་ན། རྒྱུ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཁྲི་སྟེང་ན། ཡབ་སྟག་ཆ་ཡལ་ཡོལ་རྩམ་གཅིག །སྐུ་མ་ཐང་གསེར་གྱིས་གླག་ཆེན་ལ། ཤེལ་གྱིས་ཕུ་དུང་ཅན། གཡུའི་ཆ་ག་ཅན། སྤུ་ཚར་པ་རེ་རེ་ལ་དམག་སྐྱ་རེ་འོང་པ་གཅིག་སྐུ་ལ་གསོལ། ཕྱག་ན་གསེར་གྱིས་འགིང་མཁར་བསྣམས་ནས་བཞུགས་སོ། །དེ་དང་ཡུམ་ཚེ་ཟ་ཁྱད་ཁྱུད་བཤོས་པའི་སྲས། སྲིད་པའི་ལྷ་རབས་མཆེད་བཞི་འཁྲུངས་ཏེ། ཡབ་ལྷ་བརྡལ་དྲུག །ཕྱག་ལྷ་བྲམ་ཆེན། རྒྱ་ལ་འབྲོང་ནམ། འོ་དེ་གུང་རྒྱལ། ལྷ་རབས་མཆེད་བཞི་ལྷ་ཡུལ་དུ་གང་བསྡོད། མི་ཡུལ་དུ་གང་བཞུད་ཤོ་སྟབ་པས། གསིང་མ་སྔོ་མཐའ་རུ་བཞམ་པོ་དཀར་པོ་སྟིང་ནས། ཆོ་ལ་དམིག་དགུ་དེ་ཕྱག་གི་སོར་ལ་བཀྲི། རྒྱ་རྒྱ་འབྲེང་འབྲེང་ཅེས་ཤོ་བཏབ་པས། ཡབ་ལྷ་བརྡལ་དྲུག་དང་། ཕྱ་ལྷ་བྲམ་ཆེན་གཉིས་རྒྱལ། ཅུང་གཉིས་འཕམས་སྟེ། རྒྱ་ལ་འབྲོང་ནམ་རྒྱ་མི་མངས་ཀྱི་ལྷར་གཤེགས། སྲས་དགུ་འཁྲུངས་སྟེ། ཁ་འོད་རྒྱལ་བ། ཟླ་འོད་རྒྱལ་བ། གྲགས་ཀྱི་ལྷ། དྲུང་གྲུས་ཀྱི་རྗེ། ཁོ་དེ་སང་པ། ཁུ་འཕངས་རྒྱལ་བ། དགུ་སོར་ཕྱུག་པོ། ཁ་དང་ཆེན་པོ། གར་གར་རྗེ་དང་དགུའོ། །འོ་དེ་གུང་རྒྱལ་བྱ་བ་དེ། ནམ་མཁའ་འཁྲུལ་རྩམ་ན་བཞུགས་པའི། གནམ་གྱི་ཐང་ང་དགུ་དང་བཤོས་པའི་
སྲས་དགུ་རྒྱ་རྩ་གཅིག་འཁྲུངས་སོ། །ཆར་བབས་པའི་གྲངས་བས་མང་པའི་ལྷ་བྲན་ཀུན་གྱིས་ཡབ་མཛད་དོ། །བར་སྣང་ལ་བཞུགས་པའི་ཚེ་འོད་ལྷ་འབྲེང་འབྲེང་ངོ་། །བར་གྱི་ཐང་ང་དགུ་དང་བཤོས་པའི་སྲས་རི་རབ་ཀྱིས་རྡུལ་ཕྲན་པས་མང་པའི་ལྷ་བྲན་ཀུན་གྱིས་ཡབ་མཛད། ས་དོག་ལ་གཤེགས་པའི་ཚེ། ལྷ་ཁུ་ཡུག་མང་སྐྱེས་ཞེས་ཀྱང་བྱ། འོ་ལ་ཤ་ཟན་ཞེས་ཀྱང་བྱ། ས་སྡེ་བརྒྱད་ཀྱི་ཚིས་མཛད། མི་མངས་ཀྱི་ལྷར་གཤེགས། ལྷ་དགུའི་ཡབ་ལགས་སོ། །ཁུ་བཟའ་ཁུ་མ་དང་བཤོས་པའི་སྲས། ཡར་ལ་ཤམ་པོ་དང་ཅིག །འཆིམས་ཡུལ་ནག་པོ་དགུ་སུལ་དུ་བྱོན་ནས། ཁབ་ཁ་གཟའ་ཧོར་སྨན་དང་བཤོས་པའི་སྲས་འཆིམས་ལྷ་ཐན་ཚོ་དང་གཉིས། ཁབ་ཕྱི་མོ་གཡག་སྔོ་མ་དང་བཤོས་པའི་སྲས། ཅེན་དབྱེ་ལྷ་སྤྱི་དཀར། ཅུང་གྲོ་ལ་གང་བུ། ཁབ་བྱ་གཟའ་མཐོང་སྨན་དང་བཤོས་པའི་སྲས། ཅེན་རྩང་ལྷ་དར། ཅུང་རྩ་ལྷ་བྱེའུ། ཁབ་ཐང་ང་ཐང་དང་བཤོས་པའི་སྲས། དགས་ལྷ་སྒམ་པོ། སྲིན་ཡུལ་དུ་གཤེགས་ནས་སྲིན་གཟའ་སྦྱར་ལྕམ་མ་དང་བཤོས་པས་སྲས་ཐང་ལ་ཡར་བཞུར། ཀོང་ཡུལ་དུ་གཤེགས་ནས་ཐང་ང་སྐོང་མོ་ཐར་དང་བཤོས་པའི་སྲས་ཀོང་ལ་དེ་ཡག །དེ་ནས་ཆབ་མ་སྨོན་མོ་ཐང་དང་བཤོས་པའི་སྲས་སྒམ་ལྷའི་ལྷ་སྲས་སོ། །ཕྱ་ལྷ་བྲམ་ཆེན་མགོན་བཙུན་ཆའི་ལྷར་གཤེགས་ཏེ། ཆ་ལྕམ་དྲལ་དྲུག་ལ། ཕྱ་མི་མཁྱེན་ཆེན་པོ།
༄༅། །ཆ་བུ་ཡང་དཀར། ཆ་བུ་འབྲང་དཀར། ཆ་རྗེ་ཟོ་ཟོ། སྲིང་མོ་ཆ་ལྕམ་མ་དང་། ཆ་ལྕམ་འབྲུག་ལོ་མ་དང་དྲུག་གོ །ཅེན་ཡབ་ལྷ་བརྡལ་དྲུག་དེ་གནམ་རིམས་པ་བཅུ་གསུམ་གྱིས་སྟེང་ན་ལྷ་ཐམས་ཅད་ཀྱི་རྗེ་མཛད། མཐོ་ལ་ཡོགས་ཀྱི་མངའ་བདག །སྨ་དབྱིངས་ཀྱི་རྒྱན་རྐྱེན། ཟ་མ་ཕུད་ཀྱི་མངའ་བདག་གོ །དེ་དང་ཡུམ་རྨུ་བཙུན་གྲི་སྨན་དུ་བཤོས་པའི་སྲས། ལྕམ་སྲིང་བརྒྱད་ལ། ཡར་གྱི་ཅེན་གསུམ། རོང་རོང་རྩོལ་པོ། ཁྲི་རྒ་སྟག་གཟིགས། ཐན་ཚོ་ཟོང་འབྲང་ངོ་། །མར་གྱིས་ཅུང་གསུམ་ལ། ལྷེ་རྗེ་གུང་ཅན། ལྷེ་རྗེ་ཐོག་རྩན། ལྷེ་རྗེ་ཟིན་གདགས་སོ། །ཁྲི་གར་གྱིས་མུན་ཚིག་དང་བདུན་ནོ། །སྲིང་མོ་ཐང་ང་ལྷ་མོ་དང་བརྒྱད་དོ། །རོང་རོང་རྩོལ་པོ་དང་། ཁབ་རྨུ་གཟའ་མཐིང་ཁུག་སྨན་དུ་བཤོས་པའི་སྲས་མཆེད་དགུ་ལ། ཞང་ཞུང་གི་ལྷ་གྱེས་སྟེ། གེ་གོད། མེ་དུར། ཚངས་ལྷ། ཕ་འབྲུམ། རྨ་ཚེས། ཕོ་འབྲང་། རྨ་གེ་གོད། ཡོ་ཕྱལ་ལོ། །ཁྲི་ཁ་སྟག་གཟིགས་དང་ཁབ་གླང་གཟའ་ཁྲི་མར་བཤོས་པའི་སྲས་མཆེད་ལྔ་སུམ་པའི་ལྷར་གྱེས་ཏེ། འུ་རལ། ཅུང་ཟུངས། ཨ་གད། ཨི་གད། ད་ཀྱང་ངོ་། །ཐན་ཚོ་ཟོ་འཕྲང་དང་ཁབ་འོལ་མ་གཟའ་སྟོང་སྡེ་སྨན་དུ་བཤོས་པའི་སྲས་འར་བརྒྱད་ཀྱི་ལྷར་གྱེས་སོ། །མར་གྱི་ཅུང་གསུམ། ལྷེ་རྗེ་གུང་བཙན་དང་ཁབ་སྟོང་གཟའ་ཆོ་ཆོ་སྨན་དུ་བཤོས་པའི་སྲས་མཆེད་བདུན་ལ། མཐོ་ལ་རྩས་ཀྱི་ལྷ། རྨ་གྲུ་རྩས་ཀྱི་ལྷ། ཡུལ་གྱི་ཡུལ་ལྷ།
མཁར་གྱི་རྩེ་ལྷ། ཕྱི་ལྷ་དང་ནང་ལྷ། སྒོ་ལྷ་དང་བདུན་ནོ། །ལྷེ་རྗེ་ཐོག་བཙན་དང་ཁབ་གཙང་ལེ་ཤོད་སྨན་དུ་བཤོས་པའི་སྲས་དཔལ་ལྷ་དགུར་གྱེས་ཏེ། དཔལ་སྟོང་རྩེ་དང་། དཔལ་རྫིང་དང་། ལྷ་ཕོ་དང་། དཔལ་རྟ་ཕོ་དང་། དཔལ་མདུང་འཕྲང་མདུང་དང་། དཔལ་པོ་ཆེ་ཧེ་བྲག་དང་། དཔལ་འབྲིང་ལྕང་འབྲིང་དང་། དཔལ་འཇུག་ཏིང་འཇུག་གོ །ལྷེ་རྗེ་ཟིན་གདགས་དང་གསལ་འཇོན་མ་བཤོས་པའི་སྲས། ཞིང་ལྷ་ཚངས་པ། ཆུ་ཀ་བྱང་ཡུག །དོག་ལྷ་མོན་བུ། ཀ་ཡ་རྩན་པོའི་ནང་ལྷ། མུ་ཡ་བཙན་མོའི་ནང་ལྷ། ཚེས་ལྷ་སྨང་པོའི་བུ་ལྷའོ། །དེ་ལྟར་དྲུག་ནི་དཔོན་གྱི་སྐབས་ན་སྦལ་ཁ་དྲུག་དུ་འདྲེན་ནོ། །སྲིང་མོ་ཐང་ང་ལྷ་མོ་ལས་གྱེས་པ་ནི། ནང་ལྷ་ཡུམ་བཅུ་དང་འཁྲིག་མོ་བུ་དགུའོ། །བར་གྱིས་བདུན་ཚིག་ཏེ། རྨུ་ཡུལ་བཤུགས་སྟེ་སྲས་ནི་གཉའ་ཁྲི་གར་གྱི་བདུན་ཚིགས་ཏེ། ཡར་ཡབ་དང་ཅེན་ལ་གནོད། མར་ཡུམ་དང་ཅུང་ལ་གནོད་ནས། ཞང་ཞུང་ཡུལ་དུ་སོང་གཅིག་བཀའ་བགོ་སྟེ་འགྲོར་མ་ཉན་པ་ལ། དཀོར་གྱིས་རྣམ་པ་མང་པོ་དང་། སྐུ་སྲུངས་བློའུ་རིན་ཆེན་མཆེད་བདུན་དང་། སྐུ་ལྷ་ལྷ་ག་ཡ་དང་མུ་ཡ་དང་། ལྷེ་གླང་རུ་ཀར་དང་། དུང་འཕར་པོ་འཕར་ཆུང་དང་། བྱིན་ནས་གནམ་རིམས་པ་བཅུ་གསུམ་གྱིས་སྟེང་དུ་ཞང་པོ་རྨུ་རྗེ་བཙན་པོས་ཡུལ་ང་འབྲང་ལྕང་དུ་གཤེགས་སྟེ་བཞུགས་སོ། །ཞང་རྨུ་ཡུལ་གྱི་ཐང་ཐང་གི་སྲས་མོ་མཆེད་གསུམ་ལ། ཕོ་མོ་དྲེ་རྨུ་དྲེ་བཙན་མོ་དང་ཁྲི་
༄༅། །གར་གྱིས་བདུན་ཚིགས་བཤོས་པའི་སྲས་ཡུམ་གྱིས་ལྷུམས་ནས་གསོལ་པ། ཀྱེ་ཡུམ་ཅིག་ཡར་གཤེགས་ན་ནི་ཡུམ་གྲོང་འགྲོ། མར་གཤེགས་ན་ནི་སྲས་མནོལ་བས་རྒལ་པའི་མཁར་ཅིག་དབྱེ་བར་གསོལ་བྱས་ནས། སོགས་ཕྲག་གཡས་པ་ནས་བྱོན་ནས་མའི་གཉའ་བ་ནས་བྱོན་པས། མཚན་ཡང་གཉའ་ཁྲི་བཙན་པོར་བཏགས་སོ། །འབྲིང་མོ་དྲེ་བཙུན་རྨུ་མོ་དང་མི་བོན་ལྷ་བོན་དང་རྒྱ་འབྲོང་ཏམ་ཆེན་བོ་བཤོས་པའི་སྲས་འཚེ་མི་གཤེན་གྱིས་རྨུ་རྒྱལ་ཚ་དང་། ཅོའུ་གཤེན་གྱིས་ཕྱག་ཀར་ཚ་གཉིས་སོ། །ཐ་ཆུངས་དྲེ་རྨུ་དྲེ་དང་། སྟངས་ས་བླ་མགོན་བུ་བཤོས་པའི་སྲས་ཡང་ཡུམ་གྱི་ལྷུམས་ནས་གསོལ་པ། ཡར་འགྲོར་ཡུམ་འགྲོངས། མར་འགྲོར་སྲས་རྩོག་པས་རྩིག་མའི་གོ་བར་བྱེ་བར་གསོལ་བྱས་པས། རྩིག་མའི་གོ་བར་ནས་ལྟམས་པས་མཚན་ཡང་རྩིབས་ཀྱི་ལྷ་སྐར་མ་ཡོལ་ལྡེར་བཏགས་སོ། །ཡབ་གངས་ཁྱད་ཁྱུད་དང་ཡུམ་མུན་ཐབ་ཐིབ་དུ་བཤོས་པའི་སྲས་སྐྱེ་བོ་ལུས་ཀྱི་ལྷ་ལྔ་བྱུང་ཏེ། སྐུ་ལས་འཁྲུང་པའི་སྐུ་ལྷ་བྲེ་དགུ། ཐུགས་ལས་འཁྲུངས་པའི་སྲོག་ལྷ་ཉམས་ཆེན། འགུལ་ལས་འཁྲུངས་པའི་འགུར་ལྷ་བྱང་ཞུར། ལྗགས་ལས་འཁྲུངས་པའི་ལྗགས་ལྷ་འཕུལ་པོ། ཚིག་ལས་འཁྲུངས་པའི་སྲས་ཚིག་ལྷ་གུར་བུའོ། །དུས་སྐབས་དེ་ཙམ་ན་བོད་འཁམས་ཕ་དགུ་ལ་རྒྱལ་ཕྲན་བཅུ་གཉིས་ཀྱི་སྲིད་མ་ཐེགས་སྟེ། མདུན་མ་བསྡུས་ནས་མཆིད་སྒྲོས་པས།
འོ་སྐོལ་ལ་རྗེ་བདེན་པ་མཐུ་དང་རྫུ་འཕྲུལ་ཅན་ཅིག་རྩལ་དགོས་ན་ག་ན་ཡོད་ཅེས་བསྒྲོས་པས། བར་སྣང་ནས་ལྷའི་སྒྲ་སྒྲགས་པ། བཀའི་བོད་འབངས་མགོ་ནག་གི་རྗེ་འདོད་ན། རྨུ་ཡུལ་ངམ་འབྲང་ལྕང་འབྲང་བྱ་བ་ན། གནམ་རིམས་པ་བདུན་གྱིས་སྟེངས། གསེར་མཁར་གཡུ་བད་ཅན་གྱིས་ནང་ན་ལྷའི་གདུང་རྨུའི་ཚ་ལྷེ་གཉའ་ཁྲི་བཙན་པོ་བྱ་བ་བཞུགས་ཀྱིས་མགོ་ནག་གི་རྗེར་སྤྱན་དྲོངས་གཅིག་བྱ་བའི་སྒྲ་བྱུང་ངོ་། །དེ་ནས་སྤྱན་དྲངས་ངོ་བྱས་པ་ལ། ཡང་ནམ་མཁའ་ནས་སྒྲ་བྱུང་པ། བཀའི་བོད་འབངས་ཕ་དགུ་གཞན་སུས་ཀྱང་སྤྱན་མི་འགྲོངས་སྟེ། ས་ལྷ་མགོན་པོའི་སྲས་རྩིབས་ཀྱི་ལྷ་ཀར་མ་ཡོལ་སྡེ་ལ་ཞུས་དང་ཟེར་ནས། དེ་ལ་ཞུས་པས། རྩིབས་ཀྱི་ལྷ་དཀར་མ་ཡོ་སྡེས་རྗེ་སྙ་ཁྲི་བཙན་པོ་ལ་ཞུས་པ། ཀྱེ་རྗེ་གཉའ་ཁྲི་བཙན་པོ་ལགས་ཡུལ་ལ་ག་གླིང་དྲུག་དོགས་ས་མ་གི་ན། བོད་འབངས་ཕ་དགུ་ལ་ཡུལ་ན་ནི་རྗེ་མི་བཞུགས། ཁ་དོགས་ཀུན་ན་རྗེ། གནམ་ལ་གཡག་མ་མཆིས་རུ་རིངས་ཀུན་ཀྱང་གཡག །དོག་ལ་ཆབ་མ་མཆིས། སྦུར་དང་ལོང་ངེ་ལོང་། རྟ་ལ་རྐྱེན་མ་མཆིས་ངམ་འགྲགས་ཆོད་དེ་ཆོད། མི་རྗེར་མེད་ཀྱི་རྗེར་གཤེགས། གཡག་བདག་མེད་ཀྱི་བདག་དུ་གཤེགས། བདུད་རྐྱེན་མེད་ཀྱིས་རྐྱེན་དུ་གཤེགས་ཞུས་པས། རྗེ་གཉའ་ཁྲི་བཙན་པོའི་
༄༅། །ཞལ་ནས། ས་མ་གི་ན་རྐྱེན་སྣ་ཚོགས་ཡོད། རྐུ་ཡོད་དུག་ཡོད། བསྡང་ཡོད། དགྲ་ཡོད། གདོན་ཡོད། རྫུན་ཡོད། སྲི་ཡོད། ཅན་ཡོད། བྱད་སྟེམས་ཡོད། གཡོ་ཡོད། ང་མི་འགྲོ་གསུང་ནས་མ་གནང་ངོ་། །ཡང་སྐྱོར་དེ་ཞུས་པ། སྐུ་ལ་ལན་མཆིས། བསྡང་ལ་བྱམས་མཆིས། དུག་ལ་སྨན་མཆིས། དགྲ་ལ་ཟིན་མཆིས། གདོན་ལ་ལྷ་མཆིས། རྫུན་ལ་བདེན་མཆིས། སྲི་དང་ཅན་ལ་གནན་ཐབས་མཆིས། བྱད་ལྟེམས་ལ་བསྒྲལ་ཐབས་མཆིས། གཡོ་ལ་གྲངས་མཆིས། གཡག་ལ་ནི་མཚོན་མཆིས། འོ་སྐོལ་གཉིས་ཀྱང་མེའུ་ཉེ། ཤིང་སེ་བ་གཞན། ཤ་རུས་ཐོགས་ཞིམ། གོས་གཡང་བལ་དྲོ། མི་རྗེ་མེད་ཀྱི་རྗེ་དང་གཡག་བདག་མེད་ཀྱི་བདག་དུ་ཅིས་ཀྱང་གཤེགས་འཚལ་ཞུས་པས། གནང་ནས་ཡབ་ཀྱི་དཀོར་བྱིན་པ། སྐུ་ལ་རི་རྫི་མགོན་བུ། ལྷ་སྟག་གཡག་གསེར་གྱི་ལྷ་སྲས་དང་བཅས་པ། སྐུ་སྲུངས་བློའུ་རིན་ཆེན་བདུན། སླེ་གླང་རུ་དཀར་དང་བཅས་པ་གནང་ངོ་། །ཞང་པོས་རྨུ་ལ་དཀོར་བྱིན་པ། རྨུ་ཁྲབ་ཤོལ་མོ། རྨུ་རྨོག་རྨུ་ལུགས། རྨུ་མདུང་ཟངས་གཡག །རྨུ་ཕུག་གོང་ཁྲ། རལ་གྲི་ཤེལ་གྱིས་གླང་མཚོ་ཤལ་གྱིས་རྨུ་ཚ། རྨུ་སྐས་རིམས་དགུ། རྨུ་འབྲང་ཟངས་ཡག་རྣམས་བྱིན་ནོ། །ཡུམ་གྱིས་དཀོར་ནོར་བྱིན་པ། གཉན་གཡུ་འོད་ལམ། མེ་རང་འབར། ཆུ་རང་འཆུ། འཆིག་རང་གྲོལ།
སླང་ང་རང་རྔོད། རང་ཐག་རང་བསྐོར། སྡེར་རང་འདྲེན། ཡབ་ཀྱི་དཀོར་ནོར་བྱིན་པ། དུང་འཕར་བོ་འཕར་ཆུང་། དཔལ་གྱིས་གཞུ་རང་བརྡུངས། དཔལ་གྱིས་མདའ་རང་འཕེན། ཁྲབ་རང་གོན། ཕུག་རང་གོན། མདུང་རང་འདེབས། ཕྱག་ཚངས་པ་ཡོད་འདྲེན། གཡོས་པ་རང་བྱེད། དྲི་གཤེན་ལྡུམ་བུ། འདར་གཤེན་ནར་ལ་སོགས་དེ་རྣམས་བྱིན་ནོ། །དོན་ལ་སྤྱན་དྲངས་གཤེགས་རབས་ཉི་ཤུ་བདུན་སྐད་པ། དེ་ནས་ཕ་བ་ཐག་རིང་ཅོ་དགུ་ལ་དགུ། འཚེ་མིས་འཚེ་རྩུགས། དུང་འཕར་པོ་འཕར་ཆུང་གིས་སྒྲ་སྒྲགས་རྨུ་འཕྲེང་ཟང་གཡག་ལ་ཕྱག་འཇུས། རྨུ་སྐས་རིམས་དགུ་ལ་ཞབས་རྟེན་ནས། ནམ་མཁའ་འཕྲུལ་རྩམ་དུ་གཤེགས་པ་དང་གཅིག །དེ་ནས་གནམ་གྱིས་མཐོང་ཕྱེ། སྤྲིན་གྱི་གོ་བསལ་ནས་ས་དོག་ལ་གཟིགས་པས། རི་གཟིགས་ཀྱིས་ནང་ནས་ལྷ་རི་གྱང་མཐོ་ཞིང་བཙན་པ་མ་མཆིས། ཐང་གཟིགས་ཀྱི་ནང་ནས། ཀོང་ཤུལ་སེ་མོ་གྲུ་བཞི་ལས་རྒྱ་ཆེ་ཞིང་བཤམས་ལེགས་པ་མ་གཟིགས། ཡུལ་གཟིགས་ཀྱི་ནང་ནས་ཡར་མོ་རྣམ་བཞི་ལས་བཟང་ཞིང་གཤིན་པ་མ་མཆིས། འབྲོག་གཟིགས་ཀྱི་ནང་ནས་ཡམ་འབྲོག་རྣམ་གསུམ་ལས་བཟང་པ་མ་གཟིགས། ཆབ་གཟིགས་ཀྱི་ནང་ནས་རྩང་ཆབ་སྔོན་མོ་དང་ཤམ་ཆུ་ལས་གཙང་པ་མ་མཆིས་པར་གཟིགས་ནས། གཡུ་ཡུལ་གཡམ་ཁང་དུ་གཤེགས་སོ། །དེ་ནས་གཡུ་ཡུལ་དྲང་པ་གཤེགས། དེ་ནས་གཡུ་ཡུལ་བར་དོར་གཤེགས། དེ་ནས་ཤར་ཕྱོགས་ལ་དོར་གཤེགས།
༄༅། །དེའི་དུས་སུ་གོར་གཉན་ཕ་བོང་གི་ཕྱག་བགྱིས་སྟེ་མདུར་དང་གོང་ངེ་གོང་། ཤིང་གཉན་སེ་སྐྱེར་གྱིས་ཕྱག་བྱས་སྟེ་འདར་དང་ཡེད་དེ་ཡེད། ཆ་གཉན་ལུ་མས་ཕྱག་བྱས་ཏེ་སྔོ་དང་སི་ལི་ལི། དེ་ནས་གྱང་ཐོག་ཐོག་ཡངས་སུ་གཤེགས། དེ་ནས་བླ་འབྲུམ་གྱང་མདོར་གཤེགས། དེ་ནས་ནགས་མ་བྱ་ཚང་ཅན་དུ་གཤེགས། དེ་ནས་ཤིང་མུ་ལེ་གྲུང་ཤིང་གི་རྩར་གཤེགས། དེའི་དུས་སུ་སྲིན་གྱི་དགྲ་མདོས་བྱུང་ཏེ། ལྗང་སྲིན་དང་ཀོང་ཁ་གཡེལ་ནས། སྲིན་གཡབ་མར་པོ་གཅིག་བྱུང་ནས་བྱུང་པ་ལ། སྐྱེས་བློ་བུ་རིན་ཆེན་མཆེད་བདུན་གྱིས་སྐུ་སྲུངས་ལྷ་གླང་རུ་དཀར་གྱིས་རུའི་དབལ་བརྡར་ནས་བརྡུངས། དུང་འཕར་པོ་འཕར་ཆུང་གི་རང་བུས། ཁྲབ་ཀྱི་རང་གོན། ཕུབ་ཀྱི་རང་གོན། རལ་གྲི་དང་ཆུ་དྲི་རང་བཏབ། མདུང་གི་རང་གྲངས། གཞུ་རང་གདུངས། དཔལ་གྱིས་མདའ་རང་འཕངས། དེ་རྣམས་ཀྱིས་ལྗང་སྲིན་དང་ཀོང་སྲིན་བསད་སྟེ། ཤ་བོར་བས་རི་དམར། ཁྲག་དཀྱིལ་བས་མཚོ་སྨུག་གོ །ཤིང་མུ་ལེ་གྲུམ་ཤིང་གི་ཁ་ནས་མདའ་ལྔ་འཕོངས་སོར་བཞི། བཞིག་པས་ཞལ་སྟ་རྒམ་གྱིས་མཛད་ནས། རྒམ་ལྷ་བོ་ལྷ་སྲས་ཀྱིས་ཞལ་ནས། དུས་འདིར་ཡུལ་འདིའི་རྗེར་གཤེགས། གདགས་སུ་ནི་གདུག་བརྡལ་ལོ་གསུང་ནས། བཅུད་ས་བོན་རླུང་དང་འདྲ་བ་གཅིག་དབྱལ་སྟག་པ་ཏིང་རུམ་གྱིས་ལྷུམས་སུ་ཞུགས་པ་ལས། སྲས་གཅིག་འཁྲུངས་པ་ནི་ལྷ་འོད་གྲགས་ཀྱི་བུ་གུང་གཟིགས་བྱ་བས་རྗེ་གཉའ་ཁྲི་བཙན་པོའི་ལྷ་བོན་བྱས། མ་མ་དྲོ་ཞལ་སྐྱིད་ལྡིང་གི་
མར་མེ་སྟེང་ཏེ། སྤྱན་མངར་འོད་ལྟམས། ཕ་བ་གྲོ་ཟ་སྐྱིད་རྒྱལ་གྱིས་རུ་ཚེས་སྔར་རན་ཕུལ། ལྷ་གོས་བསིལ་ལེ་མ་སྤང་ནས་མི་གོས་དར་ཟབ་གསོལ། ལྷ་གསང་གར་བུ་སྤང་ནས་མི་གསང་སྣར་མོ་གསོལ། ལྷ་སྐྱེམས་བྱང་ཁུ་སྤང་ནས་མི་སྐྱེམས་སྔོན་མོ་དང་དིང་འབྲས་ཆང་སྔོན་མོ་གསོལ་ནས་མི་ཡུལ་གྱིས་འཐིང་དུ་གཤེགས། དེ་ནས་མཚོ་དང་སྐོའི་འགྲམ་དུ་གཤེགས། དེ་ནས་བྲག་གི་བྲག་དམར་པོར་གཤེགས། དེ་ནས་བླ་མ་དངས་མ་འབྲིང་བཅུར་གཤེགས། དེ་ནས་དོགས་མོ་དོག་མོ་དོག་ཉེན་དུ་གཤེགས། དེ་ནས་ཉག་ཉི་རྒྱབ་དམར་དུ་གཤེགས། དེ་ནས་དགས་ཡེན་མཁར་དུ་གཤེགས། དེ་ནས་ང་ལ་གཡའ་མ་གོང་དུ་གཤེགས། དེ་ནས་དགས་ཡུལ་ཤིང་ནག་དུ་གཤེགས། དེ་ནས་བྲ་ལ་སྒོ་དྲུག་དུ་གཤེགས། དེའི་ཚེ་བུད་ཀྱིས་བྲམ་སྣར་བྱམས་པ་ཁྲེ་ཁྲེ་ཅན་ལུས་ལ་བྱས་སྤུས་བརྒྱན་པ་གསུམ་དང་ཕྲད་དོ། །བྱིས་པ་དེ་གསུམ་མོན་གྱིས་ལྟས་ངན་དུ་སྟང་པ་ཡིན་ཏེ། དེ་གསུམ་གཟུང་ཏེ་ཁྲིད་པས། མོན་སྐད་མ་གོ་ནས། རང་གི་མཆིད་ཚིག་ལ། གཅིག་ལ་ལྷོ་ན་ག་བེར་བཏགས། གཅིག་ལ་སྙགས་ལྕང་ཀ་བེར་བཏགས། གཅིག་གིས་མྱང་གོང་དུ་ཕྱིར་བསྡད་ནས་ཡིབ་སྟེ། ལོ་རོའི་རོང་དུ་བྲོས་སྟེ་ཧོར་གྱི་འགྲམ་མཁར་དུ་བབས་སྟེ་པ་ལ་མྱང་གོང་ངན་ལེ་བཙོག་དུ་སྟག་པ་ནི་མྱང་གི་མེས་པོ་ལགས་སོ། །གཉིས་ཚུར་ལ་འོངས་པ་ནི་ལྷོ་དང་སྙག་གཉིས་ཀྱི་མེས་པོ་ལགས་སོ། །བྲ་ལ་སྒོ་དྲུག་ནས་ཤར་ལ་འབྲིང་འདུང་དུ་གཤེགས། དེ་ནས་དྲེ་ང་བྲམ་སྣར་གཤེགས། དེ་ནས་
༄༅། །ལྷ་ལུང་སྟག་པར་གཤེགས། དེ་ནས་ཀླུ་མོ་སྦྱང་པར་གཤེགས། དེ་ནས་ཡར་ཁྱིམ་སོགས་ཀར་གཤེགས། དེ་ནས་ཁྱིམ་བུ་གོར་གོར་དུ་གཤེགས། དེ་ནས་རྩང་ཐུད་གསུམ་དུ་གཤེགས། དེ་ནས་དང་སྒོ་བཞིར་གཤེགས། དེ་ནས་འཕར་པོ་ཟོ་བྲང་དུ་གཤེགས་སོ། །དེ་ནས་སྐུ་མཁར་ཡུན་བུ་བླ་རྒང་རྩིགས་སྟེ། སུམ་པ་ཤང་གི་རྒྱལ་པོ་སྟུལ་སྟེ་རྫུ་འཕྲུལ་དང་ལྡན་ནོ། །དེ་ནས་ཁད་ཀྱིས་རྒྱལ་ཕྲན་བཅུ་གཉིས་ཀྱིས་སྙེན་པོ་མཛད་ནས། འདྲེང་མགོ་ནག་གི་རྗེ་དང་བདུད་སྔོག་ཆགས་ཀྱི་རྐྱེན་དང་བདག་པོ་མཛད་དོ། །དེ་ལྟར་གཤེགས་རབས་ཉི་ཤུ་རྩ་བདུན་གྱིས་བྱོན་ཏེ། དེ་ནི་ཡོ་ག་ལྷ་དགེས་ཅན་གྱིས་ལོ་རྒྱུས་རྫོགས་སྟེ་སྟོད་ལྷ་རབས་སོ། །དེ་ཁྲི་བདུན་མངའ་དར་སིལ་ཆད་དེ། མུ་ཏེགས་འདོད་པ་མི་གཟུང་རྗེ་ལ་སྔན་མི་སྐད་པ། སྟོད་ལྷ་རབས་ཀྱིས་རྗེས་ལ་བར་མངའ་དར་དང་སྨད་གྱེས་མདོ་འམ་སིལ་ཆད་ཀྱི་ལོར་རྒྱུས་ཡོང་ཏེ། མུ་ཏེགས་འདོད་པ་མི་གཟུང་སྐད་པ། གསང་བ་བོན་ལུགས་སུ་གླེང་པ་ནི་མུ་སྟེགས་ལྟར་ཀ་སྡེ་དྲུག་གི་ནང་ན། ཝ་མགོ་རེ་ཐོང་ཅན་གྱིས་སྡེ་པ་བྱ་བ་མགོ་ལ་ཝ་གཞུ་གོན་ནས་རེ་ཐོང་གསོད་པས་དེ་སྐད་དོ། །རྗེ་ལ་སྔན་མ་སྒྲང་སྐད་པ། ཡང་གསང་ཐེ་བྲང་ལས་ཆད་པའི་ལུགས་རྗེའི་སྔན་ནམ་འཚང་ལགས་པས། འོ་སྐོལ་རྨངས་ཕལ་པ་རྣམས་ཀྱིས་གླེང་ལ་མི་ཐང་པ་ལགས་སྐད་དོ། །ད་ནི་གྲགས་པ་ཆོས་ལུགས་གདུང་རྒྱུད་ལས་ཆད་པའི་ལོ་རྒྱུས་སྟོན་ཏེ།
གཞུང་ལས་གྲགས་པ་ཆོས་ལུགས་གདུང་རྒྱུད་དག་ལས་ཆད། གདུང་རྒྱུད་རིགས་གསུམ་ཤཀྱ་ཆེན་པོ་དང་། ལི་ཙ་བྱི་དང་ཤཀྱ་རི་བྲག་པ། དེ་རྒྱུད་གཉིས་སྟེ་དམག་རྒྱ་སྐྱབས་སེང་གེ། བརྒྱ་པའི་བུ་ནི་བོད་དུ་བྱོན་པ་ལགས། དེའི་མཚན་ནི་གཉའ་ཁྲི་བཙན་པོར་གསོལ། གདུང་རྒྱུད་ལས་ཆད་པ་ནི། སྐོས་དང་བློ་བུར་གདུང་རྒྱུད་གསུམ། མང་པོ་བསྐུར་བ་ཉིད་ལ་ཚང་སྐད་པས་ཀྱང་། གདུང་རྒྱུད་ལས་ཆད་པར་འོང་ལ། སྒྲགས་པའི་རྒྱུ་མཚན་ནི་གདུང་རྒྱུད་འོད་གསལ་གྱིས་ལྷ་ལས་ཆད་ལ། བོན་ལུགས་ནི་འདོད་འཁམས་ལྷ་ལས་ཆད་དེ། ལྷ་ལ་ཡང་བཟང་ངན་ཡོད་པས་གདུང་རྒྱུད་སྒྲགས་པར་ཡོངས་ལ་མདོ་ནས་གསུངས་པས་ཀྱང་གྲགས་པར་མཆིའོ། །གདུང་རྒྱུད་ལ་རིགས་གསུམ་ཡོད་པ་ཡིས། ཤཀྱ་ཆེན་པོ་རྒྱལ་བུ་སྒྲ་གཅན་མཛིན་ཡན་ཆད་ཀྱིས་རྒྱུད་ཆད། འབྲིང་པོའམ་ལི་ཙ་བྱི་ལ་རྒྱུད་གསུམ་མམ་ལྔ། ཀོ་ས་ལ་ཏའི་རྒྱལ་པོ་གསལ་རྒྱལ། བད་ས་ལའི་རྒྱལ་པོ་འཆར་བྱེད། མ་ག་ཏའི་རྒྱལ་པོ་གཟུགས་ཅན་སྙིང་པོ། ཤཀྱ་ཆུང་པ་རི་བྲག་ལ་རྒྱུད་གཉིས་སྟེ། རྒྱལ་པོ་དམག་རྒྱ་པ་དང་སྐྱབས་སེང་གེ། དམག་རྒྱལ་ལ་བུ་དགུ་བཅུ་གོར་དགུ་ཕ་དང་རྒྱ་ཡོད་པས་དམག་རྒྱ་པ་ཞེས་བཏགས། སྐྱབས་སེང་ལ་བཙུན་མོ་ལྔ་རྒྱ་ཡོད་ཀྱང་སྲས་མེད་དེ། སྲིད་ཀྱི་ཆོ་ག་མང་དུ་མཛད་ཀྱང་བུ་མེད་དེ། དཀོན་ཅོག་ལ་གསོལ་བ་བཏབ་ན་དྲག་གམ་སྙམས་ནས། ཉིན་གྱིས་ལས་སུ་མཆོད་པ་རྒྱ་ཆེན་པོ་བཤམས།
༄༅། །ནུབ་ཀྱིས་ལས་སུ་མཆོད་པ་རྒྱ་ཆེན་པོ་བཤམས་གྱིས་ཕུལ་བས། དེ་ན་དྲང་སྲོངས་མངོན་པར་ཤེས་པ་དང་ལྡན་པ་གཅིག་ཡོད་པས། དེས་རྒྱལ་པོ་ལ་མཁྱེན་བཞིན་དུ་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཉིན་གྱིས་ལས་སུ་མཆོད་པ་འབུལ། ནུབ་ཀྱིས་ལས་སུ་མཆོད་པ་འབུལ་བ་ཚེ་ཕྱི་མ་དོན་དུ་སྙེར་བ་ཡིན་ནམ། འཇིག་རྟེན་འདིའི་དངོས་གྲུབ་འདོད་པ་ཡིན་ཞེས་སྨྲས་པས། རྒྱལ་པོ་ན་རེ་ང་ནི་འཇིག་རྟེན་འདིའི་དངོས་གྲུབ་བུ་འདོད་པ་ཡིན་ནོ་ཞེས་སྨྲས་པས། དྲང་སྲོངས་ཀྱི་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ལ་ཅི་བྱས་ཀྱང་རང་གི་བཙུན་མོ་ལ་བརྩས་པའི་བུ་མི་འོང་གསུང་སྐད། དེ་རྩུག་ལགས་ཞུས་པས། ཁྱོད་ཀྱིས་ཚེ་སྔ་མ་ལ་ཤ་བ་འདོད་ཆགས་སྤྱོད་པ་ཅིག་ལ་མདའ་རྒྱབ་ནས་གསད་པས་དེའི་ལས་ཀྱི་རྣམ་པར་སྨིན་པས་མི་འོངས་པ་ཡིན། ཁྱོད་དེ་རྩམ་སྲས་ཀྱིས་གདུང་ན་ངས་མི་མ་ཡིན་གྱིས་བུ་ལྔ་དངོས་གྲུབ་དུ་སྦྱིན་ནམ་གསུངས་པས། འོ་ན་ཞུ་བོ་ཟེར་ནས། དྲང་སྲོངས་ཀྱི་མི་མ་ཡིན་གྱི་བུ་ལྔ་སྦྱིན་ཏེ། ལྷའི་བུ་ལས་སྣ་ཚོགས་པ། ཉི་མའི་བུ་གསེར་ཁྲབ་ཅན། རླུང་ལྷའི་བུ་མི་འཇིགས་སྟན། དྲག་པོའི་བུ་ཐ་དཀར། དབང་བྱེད་ཀྱི་བུ་མི་ཚུགས་པ་དང་ལྔ་བྱིན་པས། རྒྱལ་པོ་དགྱེས་ཏེ་དྲིས་སྣམས་ཕྱི་མི་དགོས། ནུམ་བུ་བསྙོད་མི་དགོས་པའི་བུ་ལྔ་བྱུང་སྙམས་ནས། རང་གི་ཕོ་བྲང་དུ་ཁྲིད་དེ་ཟས་སྦྱིན་གོས་བཀོན་ནས། བུ་ཚོ་ལ་སྨྲས་པ། ཁྱོད་རྣམས་ངའི་བུ་ཁྲག་ལས་བྱུང་པའི་བུ་ནི་མན་ཏེ། ལས་དང་སྨོན་ལམ་གྱིས་
འབྲེལ་པའི་བུ་ཡིན་ཏེ། ཁྱེད་རྣམས་ལ་རྩལ་ལམ་ནུས་མཐུ་འམ་ཡོན་ཏན་ཅི་ཡོད་དྲིས་པས། ལྷའི་བུ་ལས་སྣ་ཚོགས་པ་ན་རེ། ངས་གནམ་ལ་ལྡིང་ས་ལ་འཛུལ། ཆུ་ལ་མི་བྱིང་བར་ནུས་ཟེར་སྐད། ཉི་མའི་བུ་གསེར་ཁྲབ་ཅན་ན་རེ། ངས་རྒྱལ་པོའི་བརྟགས་གང་ཡང་འབྱིན་ནུས་ཟེར་སྐད། རླུང་ལྷའི་བུ་མི་འཇིགས་སྟན་ན་རེ། ངས་རྒྱལ་པོ་ལ་ཡོ་བྱད་གང་ཡང་སྦྱོར་ནུས་ཟེར་སྐད། དྲགས་པོའི་བུ་ཐ་དཀར་ན་རེ་ངས་དམགས་རྒྱ་ཐམས་པ་ཐུབ་ཟེར། དབང་བྱེད་ཀྱི་བུ་ཚུགས་པ་ན་རེ་ངས་སྲིན་པོའི་བུ་ཕར་འཕུལ་ནུས་ཟེར་ནས། རྒྱལ་པོ་སྙམས་ན་དེ་ཚོ་ཡོང་ན་འཇིག་རྟེན་གྱི་ནོར་བུ་རིན་པོ་ཆེ་ཡིན་ཏེ་སྙམས་ནས། བདེན་རྫུན་ལྟ་བའི་ཕྱེད་དུ། དྲགས་པོའི་བུ་ཐ་དཀར་ལ་འོ་ན་ཁྱོད་ཀྱི་དམག་རྒྱ་ཐུབ་ན། རྒྱལ་པོ་དམག་རྒྱ་པ་ཕ་སྤད་ཚོས་ང་བཅིར་བས་འདིའི་ཕ་སྤད་ཚོ་ཐུལ་ལ་ཤོག་བྱས་པས། ཁོ་སོང་ནས་རྒྱལ་པོ་དམག་རྒྱ་པའི་བུ་དགུ་བཅུ་གོ་བརྒྱད་ཕ་དང་གོ་དགུ་བསད་ནས། རྒྱལ་བུ་ཆུང་དག་རུ་པ་སྐྱེས་བཟུང་ནས་ཁྲིད་བྱུང་པས། སྐྱབས་སེང་གེ་ན་རེ་ཨེ་ཤ་ཟོ་ཁྱོད་ལ་ནུས་པ་ཛམ་ཡོངས་ཁང་མ་བཅུག །ཨེན་རེ་དང་བཅིར་ཏེ། བཅིར་ཀྱང་མི་བསོད་པ་ཡིན་པ། ད་འདི་ལ་ཁྱེད་རང་ཚོའི་སྤུན་ཟླ་བྱེད་དགོས་ཞེས་སྨྲས་པས། ཁོང་ཚོ་ན་རེ་ཁོའི་ཕ་དང་སྤུན་ཟླ་དེ་ཙམ་བསད་ནས་འདི་ལ་སྤུན་ཟླ་མི་སྟུབ། འདི་ཡང་བསོད་ཟེར་བ་ལ། རྒྱལ་པོས་བསོད་མ་ཕོད་དེ་
༄༅། །བཤུགས་པར་བྱས་ནས། རིན་ཆེན་སྣ་ལྔ་ལ་སྒྲོམ་ལེགས་པ་གཅིག་བརྡུངས། དེའི་ནང་དུ་རྒྱལ་པོ་བཞུགས་ཟས་ཞིམ་དགུ་དང་མངར་དགུ་བཅུག་ནས་སྐོམ་པའི་གདུང་པ་སེལ་བའི་གོ་ལ་དང་བཅས་ནས་ཆུ་བོ་འགྷ་གྷ་ལ་བསྐུར་བས། རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕྱུག་ཆུ་བླུད་པ་དང་འཕྲད་ནས། སྒྲོམ་དེ་གཟུང་ནས་ཁུར་ཏེ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གཏད་པས། རྒྱལ་པོས་སྒྲོམ་ཁ་ཕྱེ་བས། ཁྱེའུ་མི་མིན་ལྷའི་སྲས་འདྲ་བ་གཅིག་འདུག་ནས། ཁྱོད་ཅི་འདྲ་བ་གཅིག་ཡིན་བྱས་པས། རྒྱལ་བུའི་ཞལ་ནས་རྒྱལ་པོ་དམགས་རྒྱ་བའི་བུ་རུ་པ་སྐྱེས་ཡིན། ངའི་ཕོ་བོ་ཐམས་ཅད་རྒྱལ་པོ་སྐྱབས་སེང་གེའི་བུས་བསད་ནས་ང་བཤུགས་པ་ཡིན་ཟེར་བས། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་རུ་པ་སྐྱེས་ཀྱི་ལུང་བསྟན་རྒྱུས་ཡོད་པས། འོ་ན་ཁྱོད་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན། ངའི་མཆོད་གནས་བྱ་བོ་ཅེས་སྨྲས་པས། རུ་པ་སྐྱེས་ན་རེ་འུ་ཅག་གཉིས་ཀ་སྐྱབས་སེང་གེས་བསོད་དུ་འོང་ཟེར་བ་ལ། གཟུགས་ཅན་སྙིང་པོས་ཐབས་ཡོད་ཟེར་ནས། རི་ཁྲོད་དུ་སྦས་ནས་མཆོད་ནས་བྱེད་ཀྱི་ཡོད་རྩམ་ན། རྒྱལ་པོ་སྐྱབས་སེང་གེ་མདོ་སྡེ་གཟིགས་པས་རུ་པ་སྐྱེས་ཀྱི་ལུང་སྟན་དང་འཕྲད་དེ་སྨྲས་པ། རུ་པ་སྐྱེས་ལ་ལུང་སྟན་འདི་ལྟ་བུ་འདུག་པས་ཁྱེད་རྣམས་ཀྱིས་ལན་ནོ་ཞེས་སྨྲས་པས། ཁོང་རྣམས་ན་རེ་དེ་ལྟ་བུ་ཡིན་ན་ངེད་ལ་ཁུང་ཡོད་སྤྱན་དྲངས་པས་མཆོག །རྒྱལ་པོ་གཟུགས་ཅན་སྙིང་པོའི་གམ་ན་ཡོད་
ཟེར། སྐྱབས་སེང་གེས། དུང་དང་རོལ་མོ་དང་བྱས་ནས་སྤྱན་འདྲེན་དུ་ཕྱིན་པས། རུ་པ་སྐྱེས་སྙམས་ན་སྤྱན་འདྲེན་པ་མིན། སྔར་ངའི་ཕོ་བོ་དེ་རྩམ་བསད་ད་ཡང་ང་བསོད་དུ་བྱུང་སྙམས་ནས་བྲོས་ནས་བྱོན་པས། རྒྱ་བོད་ཀྱིས་སོ་འཚམས་སུ་སླེབས་རྩ་ན། ཤེས་པ་མཁན་མི་བཅུ་གཉིས་དང་། ཡབ་འབངས་རུས་དྲུག་བོད་ལ་རྗེ་མེད་ནས་འཚོལ་བ་དང་འཕྲད་ནས་སྨྲས་པ། ཁྱེའུ་ཁྱོད་མི་མིན་ལྷའི་སྲས་འདྲ་བ་གཅིག་འདུག་པ་ཁྱོད་སུ་ཡིན་བྱས་པས་རྒྱ་བོད་བརྡའ་མ་འཇལ་ལྟེ་ནམ་མཁའ་ལ་འཛུབ་མོ་སྒྲེངས་ནས་འདུག་པས། འདི་ལྷའི་ཡུལ་ནས་འོངས་པ་གཅིག་ཡིན་འདུག་འདི་ལ་རྗེ་བྱའོ་བྱས། གཉའ་བའི་ཁྲི་ལ་བླངས་ནས། འདི་རྗེ་གཉའ་ཁྲི་གཙན་པོ་བྱ་བ་ཡིན་བྱས་ནས་སྤྱན་དྲངས་སོ། །དེ་ནས་ཤེས་པ་མཁན་མི་བཅུ་གཉིས་ནི། ཨ་མི་སྟེ་རེ། ཨི་མ་ཡེ་ཤེས་ཚུལ་ཡང་དགོངས་དགེ་འདུན་ལགས་པ་ཤེས་པ་མཁར་མི་བཅུ་གཉིས། ཡབ་འབངས་རུས་དྲུག་ལ། བཙན་པར་བྱེད་པ་ལྷོ་དང་སྙགས། བཙུན་པར་བྱེད་པ་ཁུ་དང་སྣུབས། གཉན་པར་བྱེད་པ་སོ་དང་སྦོ། དེ་ལྟར་རྒྱལ་པོ་རུ་པ་སྐྱེས་གདུང་རྒྱུད་ཀྱིས་རྒྱལ་པོ་ཡིན་ལ། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པས་ཀྱང་སྒྲགས་པ་ཆོས་ལུགས་སོ། །དེ་ལྟར་རྗེ་གཉའ་ཁྲི་བཙན་པོ་དེ་བྱོན་པའི་ཁུངས་བཟངས་ཏེ་རྒྱ་གར་གདུང་རྒྱུད་ཀྱི་རྒྱལ་པོ་ཡིན། གཤེགས་པའི་གནས་བཟང་ཏེ་གླིང་གི་སྙིང་པོ་གངས་རི་རྒྱུད་ཀྱི་ར་བས་བསྐོར་བ། ཆུ་བོ་བཞི་འདུས་པའི་
༄༅། །མགོ། བརྩང་པོ་གཞུང་གསུམ་གྱི་མདའ། གངས་ཏེ་རྩེ་གངས་ཀྱིས་མཆོད་རྟེན་དང་། མཚོ་མ་འཕངས་གཡུའི་མཎྜལ་གྱི་དོན་མཚོན་པ། མི་ལས་ལྷར་གྲུབ་པའི་དམ་པའི་ཆོས་ཀྱང་བྱང་ཕྱོགས་བོད་ཡུལ་འདིར་ཐ་མ་དར་བ་དང་། རྒྱལ་ཁྲིམས་ཀྱང་འདིར་འབྱུང་པས། གླིང་གི་མཆོག །ཡོན་ཏན་བདུན་དང་ལྡན་པས་འདིར་བྱོན་པའོ། །དེ་ནི་ཆོས་ལུགས་ཀྱིས་སྟོད་ལྷ་རབས་སོ། །ལྷ་རབས་སུ་ཇི་ལྟར་འགྲོ་ན། མང་པོས་བསྐུར་བའི་ཡབ་ནས་ཡར་འདེད་ཀྱི་ལྷ་བདུན་གྱི་ལོ་རྒྱུས་དང་། དགོས་རུ་པ་སྐྱེས་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པར་མདོ་ལས་ལུང་སྟན་ཏེ། མ་འོངས་པའི་དུས་ན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རྒྱལ་བུ་རུ་པ་སྐྱེས་བྱ་བ་གཅིག་རྒྱལ་པོ་དམག་རྒྱ་པའི་སྲས་སུ་སྐུ་འཁྲུངས་ནས་ཡུལ་མ་ག་ནིར་བྱོན་ནས་སེམས་ཅན་གྱིས་དོན་བྱེད་པར་འགྱུར་རོ་ཞེས་གསུངས་སོ། །ལྷ་ལས་ཐུགས་རྗེ་ཆེན་པོ་ལས་ལྷག་པ་མེད་པས་སྟོད་ལྷ་རབས་སོ། །