ལྡེའུ་ཆོས་འབྱུང་།
སྟོད་ཀྱི་སྟེང་གཉིས།
ལེའུ་སྔོན་མ།
ལེའུ་རྗེས་མ།

(སྟོད་ཀྱི་སྟེང་གཉིས།)

དེ་ཡན་ཆོད་དུ་བོད་བློ་བུར་རྒྱལ་པོའི་ཆད་ལུགས་གསུམ་སྟན་ནས། ད་ནི་སྟོད་ཀྱིས་སྟེང་གཉིས་ཀྱི་ལོ་རྒྱུས་སྟན་པ་ནི། རྗེ་གཉའ་ཁྲི་བཙན་པོ་དང་གནམ་མུག་མུག་གི་སྲས་མོ་བཤོས་པའི་སྲས་མུག་ཁྲི་བཙན་པོ། དེ་དང་ས་དིང་གི་སྲས་མོ་བཤོས་པའི་སྲས་དིང་ཁྲི་བཙན་པོ། དེ་དང་སོ་ཐམ་ཐམ་གྱིས་སྲས་མོ་བཤོས་པའི་སྲས་སོ་ཁྲི་བཙན་པོ། དེ་དང་འདར་ཡེད་ཡེད་ཀྱི་སྲས་མོ་བཤོས་པའི་འདར་ཁྲི་བཙན་པོ། དེ་དང་གདགས་ཀྱི་ལྷ་མོ་བཤོས་པའི་སྲས་གདགས་ཁྲི་བཙན་པོ། དེ་དང་སྲིབས་ཀྱིས་ལྷ་མོ་བཤོས་པའི་སྲས་སྲིབས་ཁྲི་བཙན་པོ། དེ་དང་གནམ་གྱི་རྒྱལ་མོ་ཀྱི་ལིང་ཤོལ་མ་རྗེར་བཤོས་པའི་སྲས། ལ་མཚན་ཅིར་གདགས་མ་མ་དྲོ་ཞལ་སྐྱིད་ལྷིང་མ་ལ་དྲིས་ལ་ཤོག་བྱས་ནས་འདྲིར་ཕྱིན་པས། མ་མའི་མཆིད་ནས་རྗེའི་བླ་

138a

༄༅།       །མཚོ་སྐམ་སམ་མ་སྐམས། བྲག་གི་བྲག་དམར་པོ་ཉི་ལམ་མ་ཉིལ། བླ་སྤང་དངས་མ་འབྲིས་ཡང་མེས་ཚིག་གམ་མ་ཚིག་ལྟོས་ལ་ཤོག་བྱས་པས་བོད་འབངས་ཆ་དགུས་ལྟས་པས། མཚོ་ཡང་མ་སྐམས། བྲག་ཀྱང་མ་ཉིལ། སྤང་ཀྱང་མ་ཚིག་པར་གདའ་ནས་དེ་སྐད་བརྗོད་པས། མོ་རྣ་བ་འོན་པས་ལོག་པར་ཐོས་ནས། ཆུ་གུམ་སྤང་གུམ་བྲག་གུམ་ན་རྒྱལ་སྲིད་མི་ཟིན་པས། མཚན་ཡང་གྲི་གུམ་བཙན་པོར་ཐོག་གཅིག་གསུང་ནས་གྲི་གུམ་བཙན་པོར་བཏགས་སོ། །གྲི་གུམ་བཙན་པོ་དང་ཁབ་ཀླུ་བཙུན་གཟའ་མེར་ལྕམ་དུ་བཤོས་པའི་སྲས། གཅེན་ཤ་ཁྲི། འབྲིང་ཉ་ཁྲི། ཅུང་བྱ་ཁྲིའོ། །དེའི་དུས་སུ་ཡུ་འགུར་སྣ་ས་སྣ་བྱ་བ་ན་མུ་སྟེག་བྲེག་པའི་བོན་པོ་ཝ་ཞ་བྱ་བ་གཅིག་ལ་བོན་བྱུང་སྟེ། རྫུ་འཕྲུལ་ཆེ་ནས། རྣམ་ལ་ལྷབ་ལྷབ་འཕུར་ཞིང་ཁ་ནས་ཐོལ་ཐོལ་སྨྲ། ཤིང་ལ་འབྲེང་དུ་འདྲ་ཞིང་རྡོ་ལ་ལྷུ་གཟུགས་བྱེད་པ་དེས། ཞུགས་བཅད་ཀྱིས་བཙན་ལ་ལས་སུ་མཆོད་དོ། །དེ་ལ་མངའ་ཐང་སྟོད་པ་ནི། གཡུའི་གཡུང་འབྲུ། དཔའ་བོ་སྟག་སླག །འགིང་པའི་རལ་གས་སྟོད། ཁུ་དང་བུ་བས་ཆེ་བས། ཨ་པ་བྱ་བར་བོས་པས། བོན་བྱིན་རླབས་ཆུང་པ་དང་། མཚན་ཐུགས་སུ་གསོལ་ཏེ། ང་ལ་དྲི་གུམ་དུ་འདོག་པ་ཅུག་ཡིན་བྱས་པས། མ་མས་མཐའ་གྲི་རུ་འགུམ་ཟེར་ནས་བཏགས་པ་ཡིན་བྱས་པས། ཁོ་མ་དགའ་བ་ལ། གདོན་མཁའ་འགྲོ་

138b

མ་ལེགས་སྙིང་གིས་ཐུགས་དཀྲུག་ནས། ང་ཅིས་ཀྱང་གྲིར་འགུམ་ན་རྒྱལ་པོ་ལོ་ངམ་རྟ་རྫི་དང་འཐབ་ཟེར་ནས་འཐབས་དུས་སྟབས་པས། ལོ་ངམ་ན་རེ་ང་དང་ཁྱོད་ལ་འཐབ་ཆེད་མད། ང་ང་རང་གི་ཡུལ་ན་ཆེ། ཁྱོད་ཁྱོད་རང་གི་ཡུལ་ན་ཆེ་ཟེར་བས་མ་ཉན་ནས་ཐལ་བ་འཚལ་དུ་འཐབ་དུས་སྟབ། ཉན་སྣ་གསང་ལོང་ངམ་གིས་ཅི་ཟེར་ཉན་དུ་བཏང་པས། ཉན་པ་ལོང་ངོམ་གྱིས་ཚོར་ནས། ལོགས་པར་སྨྲས་སྟེ་གཞན་ང་ཅི་བྱས་ཀྱང་ཐུབ་འོང་ཏེ། ཁོ་བ་དམར་གླང་དམར་བདུན་ལ་ཐལ་བའི་སྒྲོ་བ་སྐལ་བྱུང་ན་ངས་མི་ཐུབ། རལ་གྲི་གླད་ལ་བསྐོར་གྱི་བྱུང་ན་ངས་མི་ཐུབ། གཡས་སུ་སྤྲིའུ་ཁྲིད་བྱུང་ན་ངས་མི་ཐུབ། གཡོན་དུ་བྱི་ལ་ཁྲིད་བྱུང་ན་ངས་མི་ཐུབ། དཔྲལ་ཏུ་མེ་ལོང་བཏགས་བྱུང་ན་ངས་མི་ཐུབ་བྱས་པས། ཉན་སྣ་གསང་གིས་གྲི་གུམ་ལ་དེ་སྐད་ཟླས་སོ། །འོ་ན་དེ་ལྟར་བྱེད་དགོས་ཟེར་ནས་གཡས་སུ་སྤྲིའུ་ཁྲིད་པས་ཕོ་ལྷ་ཡར། གཡོན་དུ་བྱི་ལ་གྲིད་པས་མོ་ལྷ་ཡར། རལ་གྲི་གླད་ལ་སྐོར་བས་རྨུ་འཕྲེང་ཆད་ནས་གནམ་དུ་བྲོས་དབང་མེད། བ་དམར་གླང་དམར་ཚོ་ལ་ཐལ་སྒྲོ་བསྐལ་བ་དེ་ལོང་ངམ་གྱིས་དུང་བུས་པས་འགྲོགས་ནས་ཐལ་སྒྲོ་ཤགས་པས་གྲི་གུམ་བཙན་པོའི་དམག་འགག །དཔྲལ་དུ་མེ་ལོང་བཏགས་པས་གྲི་གུམ་ངོས་ཟིན་ཏེ་བཀྲོངས་ནས། སྤུར་ཟངས་ཁ་སྤྲད་དུ་བཅུག་ཏེ་མྱང་ཆུ་སྐྱ་མོའི་གཞུང་ལ་བསྐུར་བས། རྒྱ་གར་ཡ་ཚབ་ཡུལ་དུ་ཞག་བརྒྱད་ཆགས། དེ་ནས་མར་ཀོང་པོར་ཁྱེར།

139a

༄༅།       །དེར་ཀླུ་སྲིན་ཁོ་དེ་རིང་མོའི་ཁོལ་མོ་ཀླུ་སྲིན་བྱེ་མ་ལགས་རིངས་བྱ་བས་གཟུང་སྐད། སྲས་སྐུ་གསུམ་མཁར་གཡུ་བུའི་རྩེ་ལ་བཞུགས་པ་ལ། བསོད་མི་བྱུང་ནས་བྲོས་པས། ལྷེ་གླང་རུ་དཀར་ལ། ཤ་ཁྲི་རྭ་སྤྲག །ཉ་ཁྲིས་ཟེ་བ། བྱ་ཁྲིས་སྐེད་པ་ལ་ཆིབས་ཏེ་བྲོས་པས་འདེད་མི་བྱུང་པ་ལ། འོན་གྱིས་སྟད་ཀར་ལ་ལམ་བྱུང་དབུ་རུའི་སྐར་ཐང་ཆེན་པོའི་འགྲམ་དུ་མཆེན་གསུམ་གླང་ལས་བབས་ནས་དྲོ་སྟབ་ངལ་གསོས་པས་དེར་ཀྱང་བསོད་མིས་དེ་སླེབས་ཙམ་བྱས། ཉ་རི་ངོས་ཀྱི་རྒྱབ་དུ་བྲོས་ཏེ་སྒོག་ཆེན་མཁར་གྱི་རྒྱབ་དུ་ཡིབ་པས་མ་རྙེད་ནས་ལོགས། ཤ་ཁྲི་ཉང་པོའི་རྒྱལ་པོར་གཤེགས། བྱ་ཁྲི་ཀོང་པོའི་རྒྱལ་པོར་གཤེགས། འབྲིང་ཉ་ཁྲི་སྤུ་བོའི་ཡུལ་དུ་གཤེགས། སྲས་མོ་ལ་ཆུང་མ་བྱས། མི་སྲིང་བཞིའི་མ་ལ་རྟ་རྫི་བྱས་སྐད། དེར་གུང་ལོ་བཅུ་གསུམ་དུ་གདུང་སྟོང་ཏེ། གདུང་གསབ་ལུགས་ནི། མ་མོ་རྟ་རྫི་མ་གཉིད་ལོག་པའི་རྨི་ལམ་ན་ཀླུའི་བུ་འདྲ་བ་དང་བཤོས་པ་རྨིས་ནས་གཉིད་སད་རྩ་ན་རྔས་ན་གཡག་གཅིག་འདུག་པ་མཐོང་སྐད། དེ་ནས་ཟླ་བ་བརྒྱད་ལོན་ནས་ཆུ་མཆུར་ཕྱིན་པས། ཁྲག་གླང་ལགས་མགོ་རྩམ་གཅིག་མངལ་སྒོར་མཛུལ་ནས། དེ་གསད་དུ་ནི་བུ་ཡིན། གསོ་རུ་ནི་ཡན་ལག་མེད་ནས། གཡག་རུར་བཅུག་སྟེ་ལྷམ་ཡུར་བཅུག་ནས་གཡར་སྣམ་གྱི་ངར་པས་ཁ་ཅད་དེ་གསང་ནས་དྲོད་ལ་བཙས་པས་བྱིས་པ་གཅིག་དེའི་ནང་ནས་བྱུང་ཏེ་མིང་བཏགས་པ། རྭ་ལས་སྐྱེས་ངར་ལས་འདྲེང་ཡུས་ལ་སྟེན་བྱ་བར་བཏགས་སོ། །

139b

དེ་ཆེར་སྐྱེས་ནས་མ་མ་ལ་ངའི་ཕ་སུ་ཡིན་ཟེར་ནས། ཁྱོད་ཀྱིས་ཕ་ལོང་ངམ་གྱིས་གསད་དོ་བྱས་པས། ཁོས་རྒྱལ་པོའི་སྤུར་བཙལ་བས། ཀླུ་སྲིན་བྱེ་མ་ལགས་རིངས་ལ་འདུག་པ་རྩད་ཆོད་པས་ཉོས་པས་མ་སྟེར། བླུད་མར་མིའི་བུ་མོ་ལ་དམིག་བྱ་དམིག་བཞིན་མས་འཛུམ་པ་གཅིག་བྱུང་ནས་སྤུར་སྦྱིན་ཟེར་ནས་བཙལ་བས། ཨེའི་གང་བར་སྤུར་འོག་ན་ཕ་མཚར་ལ་སྦ་ཐེན་བྱ་བ་དང་མ་སྦོ་གཟའ་ཕྱུག་མོ་བྱ་བ་ལ། བུ་མོའི་མིང་དགེ་ཡུ་བ་བྱ་བ་དེ་འདྲ་བ་གཅིག་འདུག་པས་རྐུས་པས་མ་ཐོབ། ཕ་མ་གཉིས་ལ་ཉོས་པས་ཉོར་མ་སྟེར། ཁྱོད་ཅི་བྱེད་ཟེར་བ་ལ་ངར་ལ་སྐྱེས་ཀྱིས་དྲང་པོར་ཟླས་པས། ཕ་ན་རེ་རྗེའི་སྤུར་ལ་མཚལ་གྱིས་ལྕགས་རྒྱ་ཐམས་པ་བརྡེག་དུ་ཆུག་ཟེར་བ་ལ་ཁས་བླངས་ཏེ་དེ་ནས་བུ་མོ་ངར་ལ་སྐྱེས་ཀྱིས་ཀླུ་སྲིན་མ་དེ་ལ་སྤུར་གྱིས་བླུད་མར་བྱིན་ནས་ཀོང་ཡུལ་སེ་མོ་ཕུག་དུ་སྤྱན་དྲངས་སྟེ། མཚར་མ་སྦ་ཐེན་གྱིས་ལྕགས་རྒྱ་ཐམས་པ་རྒྱབ་པོ། །དེ་ནས་ངར་ལ་སྐྱེས་ཀྱིས་ལག་དཔོན་བྱས་ནས། བོད་འབངས་ཕ་དགུས་སེ་མོ་ཕུག་དུ་བཏེགས་བུ་ལུགས་བཞིན་དུ་རྩིགས་ནས། དེར་སྤུར་བཞག་ནས། དེའི་གཉར་ཁྲི་བཏེགས་བཅུ་གསུམ་རྩིགས་ནས་སྡེ་གྲི་གུམ་བཙན་པོའི་གྲི་འཚེ་མི་དང་ལྕོ་མི་སྟུལ་བས་མ་ཐུལ་ནས། དེ་ནས་ཕ་བ་རའི་བུ་ཀྱི་རྒྱལ་རྨང་པོས་གྲི་བཏུལ་བས་ཐུལ་ནས། ངར་མ་ཐང་དུ་སྤྱན་དྲངས་འཕང་སྐོར་སུམ་རྒྱ་དྲུག་བཅུ་བྱས་ནས། སྤུར་གྲང་མོ་གྲངས་ཆུང་གི་རྫ་ལ་བཏབ་སྐད། ད་ལྟ་གྲང་མོའི་གནམ་ལ་

140a

༄༅།       །གསེར་ཏིག་བྱ་བ་དེ་ལགས་སོ། །དེ་ནི་སྲས་ཀྱིས་གོད་བགྱིས་ཕའི་གྲི་བཏུལ་བའོ། །དེ་ནས་ཡབ་ཀྱི་གོད་བགྱིས་ནས་སྲས་བཙལ་ཏེ་ད་ཕྲུག་མཆེད་གསུམ་གྱི་རྩར་ཐར་ཤགས་ཀྱིས་ཕྱིན་ནས། ཡབ་ཀྱི་སྐུ་མཚལ་སྙེར་མཚལ། བཞུགས་ཡུལ་གྱིས་མཁར་བདག་མཛད་འཚལ། མགོ་ནག་གི་རྗེ་དང་སྔོག་ཆགས་ཀྱིས་རྐྱེན་བུ་མཛད་འཚལ་ཞུས་པས། ཅེན་ཤ་ཁྲི་དང་ཅུང་བྱ་ཁྲི་མ་སྣང་། འབྲིང་པོ་ཉ་ཁྲིས་གནང་ཏེ། ངར་ཡ་སྐྱེས་ཀྱིས་སྤུ་བོའི་ཡུལ་ནས་སྤྱན་དྲངས་ཏེ། ལམ་དུ་དགྲ་སྲི་མནན་པའི་རྗེས་ལ་མཚན་ཡང་འུ་དེ་གུང་རྒྱལ་དུ་སྤོས་སོ། །དེ་ནས་ངར་ལ་སྐྱེས་ཀྱིས་ལག་དཔོན་བྱས་ནས་སྐུ་མཁར་ཕྱིང་པ་རྩེ་དྲུག་རྩིགས། དེ་ནས་ངར་ལ་སྐྱེས་ཀྱི་ལོང་ངམ་རྟ་རྫི་ལ། ཤ་ཀྱི་དཀར་མོ་ལ་སྤུར་རྩར་དུག་བྱུག་ནས་དཀོར་ཕུལ་བས། ལོང་ངམ་གྱིས་བྱིལ་བྱས་པས། ཁོའི་ལགས་པ་སྲངས་ནས་འཁོར་རྣམས་དེར་འདུས་ཀྱི་བར་དུ། ངར་ལ་སྐྱེས་ཀྱིས་མྱང་རོ་ཤམ་པོ་མཁར་གྱི་ཕ་རོལ་ན་རྒོད་ཚང་ཡོད་པ་ལ་སྙད་བཏགས་ནས་བྱ་རྒོད་ཀྱི་གསོབ་དུ་ཞུགས་ཏེ། མྱང་རོ་ཤམ་པོ་མཁར་རྩེ་ནས་ཕབ། ལོང་ངམ་ཕོ་རྒྱ་གླང་ང་བྲང་ལ་སྤུབ་ཏེ་བསད། ལོང་ངམ་མོ་རྒྱ་ཟང་རུ་མགོ་ལ་སྤུབ་ཏེ་བསད། ཆེ་སྨོན་ཆུང་སྨོན་པས་མིང་སྨོན་གཟུང་དུ་བཏགས། འུ་དེ་གུང་རྒྱལ་གྱིས་འདི་ངའི་ཁུ་བོ་བས་ལྷག་ཟེར་ནས་ཁུ་སྨོན་གཟུགས་སུ་བཏགས་སོ། །དེ་ལ་སྟོད་ཀྱི་གཉིས་ཟེར་བ་ལགས་སོ། །ཁུ་སྨོན་གཟུང་མ་སྐྱེས་ཀྱི་བར་དུ་གྲི་གུམ་བཙན་པོ་བཀྲོངས་

140b

ནས། སྲས་འུ་དེ་གུང་རྒྱལ་རྒྱལ་སར་མ་ཚུད་བར་དུ་ལོ་བསྐོར་གཅིག་སྟོངས་སོ། །ཅེན་ཤ་ཁྲི་ཀོང་པོའི་རྒྱལ་པོར་གཤེགས་སྟེ། ད་ལྟ་ཞལ་ངོ་བརྒྱ་ལྷག་བཞུགས་སྐད་དོ། །ཅུང་ཉ་ཁྲི་ཉང་པོའི་རྒྱལ་པོར་གཤེགས་སྟེ། ཞལ་ངོ་ལྔ་བཅུ་རྩམ་བཞུགས་སྐད་དོ། །