(གུང་སྲོང་ཡབ་སྲས།)
གུང་སྲོང་མང་བཙན་འདུས་སྲོང་གསུམ་གི་རིང་ལ། ཡ་མཚན་ཆེ་བའི་རྩལ་ཆེན་མི་བདུན་ནི། བཙན་པོ་གུང་སྲོང་ནི་ཡབ་མ་འདས་པ་ཁོང་འདས་ཏེ། གུང་ལོ་བཅུ་དགུ་བཞེས། ཆབ་སྲིད་ལོ་ལྔ། མྱང་མང་པོ་རྗེ་ཞང་སྣང་དང་། སྣུབས་ཙན་ཏོ་རེ་ལང་སྣང་གིས་བློན་པོ་བྱས། དེའི་སྲས་མང་བཙན་གྱི་སྐུ་རིང་ལ། བྱིས་པའི་ཚེ་ཡབ་འདས། ཁྱི་ལོ་མང་སྲོང་འཁྲུངས། ལོ་སྐོར་གཅིག་ན་མེས་འདས། ཆབ་སྲིད་ལོ་བཅྭོ་ལྔ་གཟུང་། འགར་སྲོངས་བཙན་ཡིད་གཟུང་གི་མེས་ཀྱིས་རིང་ནས་ཚའི་བར་བློན་པོ་བྱས། འཆིམས་མང་བཞེར་ངན་པོས་ཀྱང་། ལོ་འགའ་བློན་པོ་བྱས། བྱི་བའི་ལོ་ལ་མང་སྲོང་འདས་སོ། །རྒྱལ་པོ་དེ་གཉིས་ཀྱིས་ལས་དུམ་རེ་ལས་མ་མཛད། འདུས་སྲོང་མང་པོ་རྗེ་འཕྲུལ་གྱི་རྒྱལ་པོའི་སྐུ་རིང་ལ། མ་ལྟམ་པ་ནས་ཡབ་མང་སྲོང་འདས། བྱི་བ་ལོ་ལ་སྒྲགས་སུ་ལྟམས། དེའི་རིང་ལ་ཡ་མཚན་ཆེ་བའི་མི་བདུན་བྱུང་པ་ནི། སྔོག་རིང་ལ་ནག་པོས་བལ་ཡུལ་ནས་གླང་པོ་ཆེའི་ཕྲུ་གུ་ཁུར་བས་ཁྱག །རྔོག་གླིང་གམ་གིས་གཡག་དྲུས་
༄༅། །གཅིག་ཐེག །སྦས་རྒོད་ལྡོང་བཙན་གྱིས་སེང་གེ་གཟུང་། འགོས་གཡག་ཆུང་གིས་ཤ་བའི་བླུད་བུ་བྱེ་མས་བཀང་ནས་ཀླད་ལ་བསྐོར། ཅོག་རོ་འབྲོང་ཤོར་གྱིས་འབྲོང་མཐུར་ལ་དཀྱུས་པ་གཟུང་ནས་འཕེན་པ་བྱུང་། གནོན་རྒྱལ་མཚན་གྱིས་མདའ་སྟེ་ཁ་མ་བྱི་ཁྲ་ནམ་མཁའ་ལ་མོ་འདེབས་པ་ལ་རྒྱབ་པས་སྐེད་པར་བཅད། གནོན་ཁྲི་ལྡེས་ཡུལ་བྱིན་གྱིས་མ་ཐུབ་པའི་རྟ་རྒོད་གཡང་ལ་འཆོང་ས་ཡར་ལ་ཐོན་ནོ། །རྩལ་ཆེན་གྱི་མི་བདུན་ཟེར་རོ། །གུང་ལོ་ཉི་ཤུ་རྩ་དགུ་བཞེས། འགར་བཙན་གཉའ་ལྡོམ་པུ་དང་། འགར་ཁྲི་འབྲིང་གིས་བློན་པོ་ལོ་བཅུ་བྱས། ལག་རིས་སུ་ཧོར་དང་ག་གོན་བཏུལ། བྱང་ཕྱོགས་སུ་ཡུལ་རྒྱ་སྐྱེད། འབྲུག་ལོ་ལ་ལྗང་དུ་སྐུ་གཤེགས། ཅོག་རོ་ཁོང་ཁྲོ་དང་ཅང་དཀར་སོར་བཞིས་རྒྱལ་པོའི་སྤུར་གཟུང་།