ལྡེའུ་ཆོས་འབྱུང་།
གླང་དར་མ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(གླང་དར་མ།)

དེ་ནས་དམ་པའི་ཆོས་ནུབ་ལུགས་སྟོན་པ། གཞུང་ལས་དེ་ནས་

204b

ནག་པོ་ཕྱོགས་ཅན་གླང་དར་མ་བྱོན། །བོད་ཀྱི་ཕུང་འདྲེ་མི་གསུམ་དག་གི་སུ། །གཅེན་པོ་བཀྲོང་ཏེ་ཅུང་པོ་མཐའ་རུ་བཤུགས། །རྒྱལ་སྲིད་ལོ་གཅིག་ཟླ་ཕྱེད་གཟུང་ནས་བཀྲོངས། །ཆོས་ཀྱི་མེ་ནི་གདུང་རབས་བདུན་དུ་སྦས། །སྐད་པས་བཙན་པོ་འདི་ཡང་། འོན་ལྗང་རྡོ་རུ་ལུག་ལོ་ལ་ལྟམ། ལོ་བཅུ་གཉིས་ནས་ཡབ་གུང་དུ་གཤེགས། ཆབ་སྲིད་ལོ་གཅིག་ཟླ་ཕྱེད་གཟུང་། ལོ་གསུམ་གཉིས་ལོན་རྩ་ན་སྟག་ལོ་ལ་ལྷ་ལུང་དཔལ་གྱི་རྡོ་རྗེ་བཀྲོངས། ཇི་ལྟར་བཀྲོངས་ན། རྒྱལ་པོ་འདི་ཡང་ཡབ་མེས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྲུལ་པར་མ་སོང་། ཐེ་རང་སྲིན་པོའི་ཕྲུ་གུས་ཚེ་འཇོས་པས་སྟེ། སྐྱེ་བ་གོང་མ་ལྷོ་ནུབ་སྲིན་པོའི་ཡུལ་ཡབ་སྲིན་པོ་མགོ་དགུ་པ། ཡུམ་སྲིན་མོ་བཟངས་འགྲིན་མོའི་བུ། སྲིན་པོ་སྤུན་གསུམ་སྐྱེས་ནས། ལྷོ་ནུབ་སྲིན་པོའི་ཡུལ་འཕུང་པར་བྱས། སྐྱེ་བ་འདིའི་འོག་རོལ་དུ་རྒྱ་ནག་པོའི་བྲག་ཤེད་དུ་ཡབ་འགོ་པོ་ཤ་པེ་དང་། ཡུམ་འགོ་མོ་སྤྲ་སྤེའི་བུ་ཐེ་རང་སྤུན་གསུམ་དུ་སྐྱེས་སྟེ། ཕོ་བོ་ཆེ་བས་མུ་གེ་སྟང་། སད་སེར་ཕབ། འབྲིང་པོས་འཁྲུག་པ་སྟང་། ཆུང་ཤོས་ཀྱིས་མི་ནད་ཆུགས་ནད་སྟང་། རྒྱ་ནག་ཡུལ་དུ་ཕུང་པར་བྱས་སོ། །དེའི་འོག་དུ་བོད་ཡུལ་དུ་རྒྱལ་པོ་སེང་གེའི་མགོ་ཅན་གླང་དར་མ་དང་། བློན་པོ་ཐེ་རང་གི་སྤྲུལ་པ་སྤྲེ་མགོ་ཅན་སྦས་རྒྱལ་ལྟོ་རེ་སྟག་སྣང་དང་། ཞང་བློན་ཁྲའི་མགོ་ཅན་རྣ་རྣམས་རྒྱལ་མཚན་ཁྲི་གསུམ་རྗེ་སྟག་སྣང་གི་ཆོས་སྣུབས། བོད་

205a

༄༅།       །ཅི་མཐུན་ལས་ཀྱིས་བསོད་ནམས་སོས་ཀའི་ཁྱག་རུམ་བཞིན་དུ་ཞུ། མི་རྗེ་ལྷའི་བསོད་ནམས་མཚོ་སྐམས་པའི་སྙེར་མ་བཞིན་དུ་ལངས། བོད་ཁམས་ཡོངས་ལ་ཅེས་པའི་རྒྱལ་ཁྲིམས་ནི་ནམ་ཞོད་ཕྱེད་པའི་རྩིག་པ་བཞིན་དུ་ཞིག །སེར་ཆགས་ཡོངས་ལ་བཅེས་པའི་འདུལ་ཁྲིམས་ནི་ནི། རྒས་གུད་འཇམས་པའི་ཤེས་པ་བཞིན་དུ་ཉམས། བཟངས་བྱེད་ལེགས་པའི་ཡོན་ཏན་ཐམས་ཅད་དགོང་ཀའི་ཉི་མ་བཞིན་ནུབ། རྒྱལ་བློན་རྣམས་ཀྱི་ཐུགས་སུ་གདོད་གསོལ་ཏེ། མངའ་རིས་ཟླུམ་པོ་ལ་ཕྱོགས་རིས་དུམ་བུར་ཆད་དེ། འབངས་ཀྱི་དམ་པ་རྣམས་ཀྱི་ཞབས་འོག་ནས་ལོག །ལྕོག་རོ་ལེགས་པའི་གདོང་རྩན་དང་། སྦས་རྒྱལ་ཏོ་རེ་སྟག་སྣང་ལགས་པས་དུས་ངན་པ་ལ་ཁུང་ཕྱུང་ནས། སྤྱོད་ལམ་ངན་པ་ནི་བྱས། རྒྱལ་ཁམས་ལ་ཁ་ལོགས་བྱུང་ནས། བྲན་ཀ་དཔལ་གྱིས་ཡོན་ཏན་དང་། བློན་ཆེན་ཁྲི་རྗེ་སྟག་སྣང་ལ་སོགས་པ་ལ་མ་ཉེས་པའི་སྐྱོན་ཕབ་ནས། གྱོད་ལ་ཏུག་པ་དང་། དཀོན་ཅོག་རིན་པོ་ཆེ་ལ་རྒྱབ་སྟད་པའི་སྐྱོན་གྱིས། ཞང་བློན་བཞིན་དབུས་ཀྱི་མདུན་ས་ཞིག །ས་སྡེ་གསུམ་གྱིས་མཐའི་ས་ཁ་ཤོར། སྔན་ཕྱེད་ཅུ་ཡིས་དབུས་ཀྱི་གསང་ཅད། སྣེའུ་སྡེ་བཞིས་སྒོར་གྱི་འཕྲོ་ཅད། རིན་པོ་ཆེའི་འབྱུང་ཁུང་ནི་མཐའ་མོན་གྱི་ཕྲོག །བོད་ཐམས་ཅད་བུ་བྱེ་རྒྱུན་ཆད་པ་བཞིན་དུ་སོང་ནས། ཆ་གཡང་ཕྱིར་ཉམས་པ་ལགས། དར་མ་ནི་སྔོན་གྱི་ཡབ་མེས་བཞིན་དུ་མ་སོང་། གནོད་སྦྱིན་དང་སྲིན་པོའི་སྤྲུལ་པར་སོང་པས་ཕོ་

205b

བའི་རྒྱལ་ས་ཕྲོག་ཏེ། ཅེན་པོ་རལ་ཅན་ལོ་བཅུ་གསུམ་ལ་འབངས་ཀྱིས་བཀྲོངས་བཅུག །ཡབ་མེས་ཀྱིས་སྲོལ་བོར་ཏེ། ཆོས་སྐོར་ཐམས་ཅད་ཉམས་སྨད། ལྷ་ས་ཆུས་བཤིག །དཀར་ཆུང་མེས་ཚིག །བསམ་ཡས་བྱེ་མས་བཤིག །རི་དགས་ཀྱི་ཚང་ཆས། གླེག་བམ་ཕལ་ཆེར་སྟེར་དུ་སྦས། སླབ་པའི་ཆོས་གྲྭ་རྣམས་ལ་སྐྱོན་ཕབ་ཏེ་བཤུགས་སོ། །ཅུང་པོ་ཡང་བཤུགས་སྐད་པ། ཅུང་པོ་རྩང་མས་ཆོས་ཀྱི་ཁ་གཟུང་དོགས་ནས། མོན་དཔའ་གྲོར་བཤུགས་སོ། །ལམ་དུ་ཁྲ་སྣར་ལོ་གཅིག་བཞུགས་ནས་ལྷ་ཁང་རྩིག །མྱང་ཏིང་འཛིན་བཟང་པོས་དབུས་རུ་ཞྭ་བའི་ལྷ་ཁང་དུ་བཞུགས་ནས་ཡོད་པ་ལ་སྐྱོན་ཕབ་པས་མན་ངག་རྒྱུན་ཆད། རྨ་རིན་ཆེན་མཆོག་ལ་བསོད་མི་བཏང་པས་བུ་མེད་དུ་རྫུས་ནས་བྲོས་པས་ལམ་དུ་ཕྲད་ཀྱང་ངོ་མ་ཤེས། རྩང་གི་འུ་ཡུག་དུ་ཡིབ་ནས་བཞུགས་པ་ལ་ལོ་དགུ་ན་འདས་པ་ལས་མ་ཚོར། འབྲིང་ཁྲི་རྗེ་གསད་པས་དཀོར་ནོར་གྱི་ཁུངས་སུབས། ནུབ་ཕྱོགས་བདུད་རྩིའི་ཆུ་རྒྱུན་བཅད་པས་རྒྱ་གར་ནས་པཎྚི་ཏ་འབྱོན་པའི་འཕྲོ་ཅད། ཤར་ཕྱོགས་གསིར་ལམ་སེར་པོ་གསུམ་ཅུ་ཀྱུར་བས། རྒྱ་ནག་ནས་ནོར་གྱིས་ཚོང་སྒོ་རྒྱུན་ཆད། བྱང་ཕྱོགས་ཤ་ལྤག་སྐྱ་མོ་ལ་ཐིབ་ཏབ་པས། ཧོར་གྱིས་དམག་ཁ་ནང་དུ་སྟན། འཁྲུག་པ་བྱས། ལྷོ་དོམ་སྒྲོམ་ནག་པོ་ཁ་ཕྱེ་ནས། ལྷོ་མོན་ལ་གཉེན་བཏགས། སེམས་ཅན་ཐམས་ཅད་མི་མཐུན་པའི་ལམ་ལ་བཀོད། སྣུམ་ནམ་མཁའ་སྙིང་པོ་ཕ་རོལ་དུ་སྤྱན་དྲངས་ནས་གསོད་པ་ལ། འོ་ན་ང་

206a

༄༅།       །སྒོམ་དུ་ཆུག་གཅིག་གསུང་ནས། ཏིང་འཛིན་ལ་མཉམ་པར་བཞག་པས་ནམ་མཁའ་ལ་ཐོག་བྱུང་ནས། སློབ་དཔོན་གྱིས་ཕྱག་འཛུབ་ལ་དཀོར་བས་རྒྱལ་པོ་དྲེད་ནས་ད་ཇོ་བོ་མི་གསད་གཅིག་ཉན་ཟེར་བ་ལ་བྲག་དམར་གྱིས་ལོགས་ལ་འཕངས་སྐད། དེ་ནས་ཅུང་ཞིག་མཉམ་པར་བཞག་པས། ཤར་གྱིས་ནམ་མཁའ་ལ་རོལ་མོ་དང་བཅས་ནས་མཁའ་སྤྱོད་དུ་གཤེགས་སོ། །རྒྱལ་པོ་ཏོ་རེ་སྟག་སྣང་དང་། ལྕོག་རོ་ལེགས་སྒྲ་ལྷ་སྡོང་། ཙུག་སྒྲ་དར་གཟུང་རྣམས་ཀྱིས་སྔོན་གྱིས་བློན་པོ་འཕུལ་འབག་ཅན་དུ་མ་སོང་ཏེ། ཐེ་རང་འགོང་པོའི་སྤྲུལ་པར་སོང་པས་དེའི་དབང་གིས་ཐུགས་དགོངས་ལོག་སྟེ། དཀོན་ཅོག་གི་སྟེན་ལྷ་ཁང་བཤིག །གནས་བཞིར་བྱ་ཚང་དང་ཝ་ཚང་བྱས། ཡབ་མེས་ཀྱི་དགེ་ཡིག་ཚང་ཐམས་ཅད་ནུབ། རྒྱལ་ཁྲིམས་ཆོས་ལ་སོང་དོག་ནས། རྗེའི་ཆོས་སྤངས། སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་རྒྱ་གར་དུ་སྐྱལ། མཚན་ཉིད་ཀྱི་ཆོས་དང་མཆོད་གནས་ཀུན་ཡང་ངན་ཁུངས་དང་ས་ལ་སྦས། ཡབ་མེས་གོང་མའི་ཐུགས་དམ་ལ་བཤེས་སྐུར་འདེབས། དགེ་འདུན་རབ་བཤུགས། འབྲིང་བསད། མཐའ་མ་མངའ་ལིང་བཀུར་ནས་ལིང་རོག་ལ་ཏང་། ཚན་གཅིག་ལ་རྟ་ལ་ཞོན་པའི་བཏེགས་བྱས། དུས་དེར་གསེར་ཁུང་ཕུབ་ཏིབ། མང་ཡུལ་ལ་ཆད། པཎྚི་ཏ་རྒྱ་གར་དུ་བྲོས། རྐང་འགྱོགས་མྱ་ངན་ལས་འདས། སྐུའི་སྔགས་མཁན་དང་། རྒྱལ་གྱིས་སྐུ་བཤེན་ལ་སྐྱོན་ཕབ། ཉེས་པའི་ལས་ཐབས་ལ། ལེགས་པའི་དགེ་ཡིག་དུ་གཟུང་

206b

ནས་ཕྱིའི་སོ་ཁ་ཤོར་སྐད། རྒྱལ་སྲིད་ལོ་གཅིག་ཟླ་བ་ཕྱེད་གཟུངས་ནས་བཀྲོངས་སྐད། རྗེ་ཉིད་ཀྱང་དཀོན་ཅོག་ལ་རྒྱབ་ཀྱིས་ཕྱོགས་པའི་སྐྱོན་གྱིས། དགོངས་པ་མཐར་མ་ཕྱིན་སྟེ། ཡེར་པ་ལྷ་རི་སྙིང་པོ་ན་བཞུགས་པའི་ལྷ་ལུང་དཔལ་གྱིས་རྡོ་རྗེ་ལ་གསོད་པའི་དྲོས་བྱས་པས། ལྷ་ལུང་གིས་ལགས་སྟོད་དེ། རྟ་དཀར་པོ་གཅིག་ལ་སོལ་ཁུ་བྱུགས། བེར་ནང་དཀར་ལ་ཕྱི་ནག་པ་གོན་ནས་རྒྱལ་པོའི་རྟ་འཆག་པའི་རྟ་ལ་འཆག་རྫུས་སྟབ་ནས། རྒྱལ་པོའི་སྐེ་རལ་གྱིས་ཅད་དེ། ང་བདུད་ནག་པོ་བཀྲག་མེད་བྱ་བ་ཡིན་བྱས་ཀྱིན་ཆུ་ལ་བྲོས་པས། རྟའི་སོལ་ཁུ་བྱི་ནས་དཀར་པོར་སོང་། བེར་ཀ་ཕྱིར་སྟན་ནས་གོན། ཀྱི་ཆུ་ཕར་སྐར་ཏོལ་ནས་ང་གནམ་ཐེ་དཀར་པོ་བྱ་བ་ཡིན་བྱས་ནས་བྲོས་པས་རམ་མདའ་ཀུན་ན་རེ་ལྷ་འདྲེར་འདུག་པ་ད་རམ་ཟླ་བྱས་པས་ཅི་ལ་ཕན་ཟེར་ནས་ལོགས་པས། དེ་ནས་ལྷ་ལུང་གིས་རྟ་མི་བྱུང་དོག་པས་ཕོ་རོན་གཅིག་གཟུང་ནས་བྲག་ཕུབ་ནང་དུ་ནམ་ཟ་གསོལ། སྒོམས་ཐག་ཅིངས་ནས་བཞུགས་ཏེ། ཕོ་རོན་འཕུར་བས་ནམ་མཁའི་དུད་པ་དང་ས་རྡུལ་ནམ་བཟའ་ལ་བབས་པས་ས་རྡུལ་ཐིབ་པེ་བྱུང་ངོ་། །དེ་ནས་རྒན་མོ་གཅིག་ན་རེ། ད་ཅིའི་རྒྱལ་པོ་བཀྲོངས་མཁན་དེ་ལྷ་ལུང་བྱིས་པ་རྩ་ནའི་སྐད་འདྲ་ན་ཟེར་ནས་ལྟར་ཕྱིན་རྩ་ན་ལྷ་ལུང་མ་འགུལ་བར་ནམ་བཟའ་ས་རྡུལ་

207a

༄༅།       །འདུག་ཟེར་ནས་ལོག་གོ།