ལྡེའུ་ཆོས་འབྱུང་།
འོད་སྲུངས་ཀྱི་རྒྱུད།
ལེའུ་སྔོན་མ།
ལེའུ་རྗེས་མ།

(འོད་སྲུངས་ཀྱི་རྒྱུད།)

ད་ནི་སྨད་ཀྱི་སིལ་ཆད་སྟན་པ་ནི།

214a

༄༅།       །སྨད་ཀྱི་གྱེས་མདོ་འམ་སིལ་ཆད་ལ། དཔལ་འཁོར་ལ་སྲས་གཉིས། ཅེན་ཉི་མ་མགོན་ཞེས་པ་དེ། རྒྱལ་པོ་ཀུན་གྱིས་ཅེན་རྒྱུད་ཡིན་ཞེས་པའི་བར་ཀྱིས། སྲས་ཀྱིད་ལྡེ་ཉི་མགོན་དང་སྟོད་ཀྱི་མགོན་གསུམ་ཀྱི་གདུང་རབས་དང་མཛད་ཚུལ་སྟོན་ཏེ། ཁེང་ལོག་འཁྲུགས་པ་བྱུང་པས་སྲས་གཅིག་རྩང་དུ་བཞུད་དེ། ཅེན་པ་ཁྲི་ཉི་མ་མགོན་སྤུ་རང་སུ་ཉི་ཕུག་བྱ་བ་རྩིག་ནས། བཙུན་མོ་ཟངས་དཀར་གཟའ་དང་སྟག་གཟིག་གཟའ་གཉིས་བཞེས། བློན་པོ་མང་དཀར་དང་ཁྱུང་པོས་བྱས། སྲས་སྟོད་ཀྱི་མགོན་གསུམ་དུ་འཁྲུངས་ཏེ། དཔལ་མགོན་བཀྲ་ཤིས་མགོན། རྩུག་ལྡེ་མགོན་ནོ། །དཔལ་མགོན་ལ་མང་ཡུལ་སྟད། བཀྲ་ཤིས་མགོན་ལ་སྤུ་རང་སྟད། རྩུག་ལྡེ་ལ་ཞང་ཞུང་སྟད་པས། སྟོད་མངའ་རིས་སྐོར་གསུམ་དེ་ཚོ་ལགས། ཆེད་ཤོས་དཔལ་མགོན་གྱིས་སྲས་ལ་སྤ་ཚབ་ཚ་འོད་ཀྱི་རྒྱལ་མཚན་སྟེ། དེ་དང་བཀྲ་ཤིས་ལྷ་ལྡེ་བཙན་གཉིས་སྟེ། ཅེན་ཁོ་རེ་ཡང་ཟེར་རོ། །དེ་ལ་སྲས་གསུམ་ལྷ་བླ་མ་ལྡེ་སྟེ། ལྷ་བླ་མ་ཡེ་ཤེས་འོད་དོ། །དེའི་འོག་མ་དེ་བ་ར་ཙ་དང་། ན་ག་ར་ཙའོ། །དེ་གཉིས་རབ་དུ་བྱུང་། ལྷ་བླ་མས་ཡབ་མེས་ཀྱི་སྐེ་ཚངས་གཟིགས་པས་ཆོས་ལ་དད་དེ། མཐོང་ལིང་གི་གཙུག་ལགས་བཞེངས། ཁོང་ཡང་སྤྲུལ་པའི་རྒྱལ་པོ་དེ། མདོ་ལས་ལུང་སྟན་པ། བྱང་ཕྱོགས་གངས་རིའི་རྒྱུད་ཀྱི་བར། །རིགས་ནི་རྒྱལ་པོའི་རིགས་ལས་སུ། །ཡེ་ཤེས་འོད་ཅེས་བྱ་བ་འབྱུང་། །ཞེས་སོ། །སྐུ་ཚེ་

214b

སྟོད་ལ་སྲས་མི་མངའ། སྐྱོ་བ་སྐྱེས་ནས་རྒྱལ་སྲིད་ཅུང་ལ་བྱིན། སླབ་པ་གསུམ་རབས་མཆོད་རྟེན་ལ་སླང་ནས། རབ་དུ་བྱུང་ངོ་། །ཅུང་པོ་བཀྲོང་པའི་མིང་བཀྲ་ཤིས་ལྷ་ལྡེ་བཙན་དང་ཅུང་པོ་བཀྲོངས་སོ། །བཀྲ་ཤིས་ལྷ་ལྡེ་ལ་སྲས་གཉིས་ཏེ། འོད་ལྡེ་དང་། བྱང་ཆུབ་འོད་དོ། །སྲོང་ངེས་ཀྱང་སྤུ་རངས་སུ་ཁ་ཚར་གྱི་གཙུག་ལག་བཞེངས་སོ། །ཁུ་དབོན་དང་ཡབ་སྲས་འཛོམ་པའི་དུས་དེར། པཎྚི་ཏ་སུ་བྷ་ཤི་ཏ་སྤྱན་དྲངས། ཁྱད་པར་དུ་མངའ་རིས་སྐོར་གསུམ་བློ་རྣོ་བ་དང་། བོད་ཡོངས་ལ་ཁྱབ་པར་བྱ་བའི་ཕྱིར། ཁ་ཆེ་དྲིབ་སྟན་དུ་མི་བརྒྱད་སྒྲ་དང་ཆོས་སློབ་ཏུ་བཏང་པས། དྲུག་ཤི་ནས་མ་ལོག །ལོ་ཚ་བ་རིན་ཆེན་བཟང་པོ་དང་། སྙི་བ་ལེགས་པའི་ཤེས་རབ་གཉིས་ཚུར་ལོག །པཎྚི་ཏ་ཏྲ་ཏ་ཀ་ར་དང་། དྷརྨཱ་ཀ་ར་གཉིས་སྤྱན་དྲོངས་ཏེ། སྔགས་མཚན་ཉིད་ཀྱིས་ཆོས་མང་དུ་བསྒྱུར། ཁྱད་པར་དུ་རིན་ཆེན་བཟང་པོས་གསང་འདུས་འཕག་པའི་བསྐོར་དང་། ཡེ་ཤེས་ཞབས་ཀྱིས་བསྐོར་དང་། ཡོ་ག་ལ་སོགས་པ་མང་དུ་བསྒྱུར་བས་སྔགས་གསར་མ་ཞེས་གྲགས། སྔོན་རྒྱད་སྟོང་པ་བསྒྱུར་ནས་འབྲེལ་པ་མ་འགྱུར་བས་ཡང་བསྒྱུར། ཤན་ཏི་བ་དང་སྨན་ཞབས་སྐོར་ཡང་སྒྱུར། དབུ་མ་རྩ་བའི་ཤེས་རབ་ལ་ཚིག་གསལ་མ་འགྱུར་བ་ཡང་སྒྱུར། ནག་ཚོ་འབྲོག་མི་ལ་སོགས་པ་སྐད་པ། ལོ་ཚ་བ་རིན་ཆེན་བཟང་པོའི་སྐུ་ཚེ་སྨད་ལ། ལྷ་བཙུན་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཚ་བ་རྒྱ་གར་དུ་བཏང་ནས།

215a

༄༅།       །རྗེ་ཏིག་པང་ཀ་ར་སྤྱན་དྲང་ནས་སྔགས་མཚན་ཉིད་གཉིས་ཁའི་ལག་དུ་སླང་པའི་རིམ་པ་སྟན་ལ་ཕབ། དེ་ནས་གཟུང་ནས་རྗེས་ལ་འབྲོག་མི་ཤཱཀྱ་ཡེ་ཤེས་སམ། གྱི་ཚོ་ཟླ་བ་འོད་ཟེར་རམ། མགོས་ཁུག་པ་ལྷ་རྩ་འམ། ཟངས་དཀར་འཕགས་པའི་ཤེས་རབ་སམ། གཉན་ལོ་ཚ་བ་དར་མ་གྲག་གམ། རྒྱ་གར་མཁས་པ་ཀ་ར་རྣམ་བཞི་དང་ཞེས་པ་ཏི་པམ་ཀ་ར། པདྨ་ཀ་ར། དྷརྨཱ་ཀ་ར། པྲ་ཏ་ཀ་རའོ། །འགྷ་ཡ་དྷ་ར་བཙུན་མོ་ཅན་ནམ། པཎྚི་ཏ་སུརྱ་སི་སྟི་དང་། མར་པ་ལོ་ཙྪ་འམ། གསེར་གྱིས་གོ་ཆ་དང་། སྤ་ཚབ་ལོ་ཚ་དང་། རྒྱ་བཙོན་སེང་བལ་ཡུལ་དུ་འདས་པའི་ཉེ་གནས། ཁྱུང་པོ་དྲགས་སེས། དམ་ཚིག་གི་འབྲེལ་པ་རྒྱ་ཆེར་འབྲེལ་པ་སྒྱུར། རྗེ་གོང་གནས་པ་ཞེས་པ། ལོ་ཆུང་ལེགས་པའི་ཤེས་རབ་ཀྱང་བཞུགས་པར་གདའ་ཏེ། གྲུབ་ཐོབ་དུ་གྲགས་སྐད། དེ་ཚ་ན་ཁ་ཆེ་ཛྙཱ་ན་ཤྲི་ཡང་སྤྱན་དྲངས་ཏེ། ལོ་ཚ་བ་ཟུར་དགའ་ཏོར་གྱིས་མཛད་པའི་ཚེ། བོད་དུ་ཁྱུང་པོ་དྲག་སེས་སྣ་དྲངས་པའི་རྒྱ་རྩམ་ཆོས་ཉན་དུ་བྱོན་པའི་གསེབ་དུ་སྔོག་ལོ་ཚ་བ་བྱོན་པས། ཁོང་ཁ་ཆེར་བཞུད་ཟེར། མངའ་བདག་རྩེ་ལྡེའི་ཞལ་ནས་ཁ་ཆེར་བཞུད་མི་དགོས། མཁས་པ་འདི་ལ་ཆོས་གསོན་བྱས་པས། མ་གསན་པར་བདག་ཅིས་ཀྱང་ཁ་ཆེར་འགྲོ་བས་རྒྱག་ཞད་གཅིག་ཞུ་གསུངས་ནས། རྩེ་ལྡེའི་སྲས་དབང་ལྡེས་རྒྱགས་ཀུར་ནས་ཁ་ཆེར་སླེབས་པ་དང་། ཁ་ཆེ་བ་

215b

ཀུན་ན་རེ་པཎྚི་ཏ་བོད་ན་བཞུད་ནས་ཁྱེད་འདིར་ཅི་བྱེད་ཟེར་བས་འགྱོད་པ་ཡང་ཡ་ནི་ལོ། དེ་ཚུར་མ་ལོགས་པར་མུ་ཏེག་སྐལ་ལྡན་རྒྱལ་པོ་ལ་ཚད་མ་བརྒྱན་སླབས་སྐད། ཡང་ལོ་ཚ་བ་གཞོན་ནུ་མཆོག་རབ་ཀྱིས། པཎྚི་ཏ་ས་ར་ཧེ་ཏེ་སྤྱན་དྲངས་པའི་དུས་སུ་བོད་སྟོན་རྒྱ་ཙམ་བྱོན་ཏེ། དེའི་དུས་སུ་པཎྚི་ཏ་གོ་མི་འཆི་མེད་དང་ལོ་ཚ་བ་རྔོག་ཡང་འཛོམ། གཞན་ཡང་པཎྚི་ཏ་སུ་ན་ཡ་ཤྲི་དང་། པཎྚི་ཏ་བལ་པོ་ཟ་ཧུམ་དང་། ལོ་ཚ་བ་སྙན་ཆུང་དར་མ་གྲགས་ལ་སོགས་པ་ཡང་། རྩེ་ལྡེས་ཞབས་ཏོག་བྱས་པར་གདའོ། །དེའི་སྲས་འོད་འབར་ལྡེས་ཀྱང་། མཐོ་ལིང་དུ་འཛམ་གླིང་བརྒྱན་བཀོད་པའི་གཙུག་ལག་ཁང་བཞེངས། དེ་ལྟར་ལོ་པན་མང་དུ་འཚོགས་ཏེ། སྒྲ་བཟང་དོན་ལྡན་མང་དུ་སྒྱུར་བ་ཡིས། ད་ལྟ་བོད་ལ་གྲུབ་པ་ཐོབ་པ་མང་། ཁྱད་པར་ཇོ་བོ་རྗེའི་བཀའ་དྲིན་གྱིས། བཀའ་གདམས་རྣམས་ལ་གྲུབ་པ་ཐོབ་པ་མང་བསྐད་པ་ནི། རྗེ་ལ་སློབ་མ་མང་ཡང་། ཁྱད་པར་བ་བཅུ་ཡོད་དེ། །དགོན་པ་གོང་མ་ན་ཨ་མེས་བྱང་ཆུབ། འོག་མ་ན་རྣལ་འབྱོར་རྡོ་རྗེ་ཤེས་རབ། མཛིན་སྒོམས་བྱང་ཆུབ་རྒྱལ་མཚན། ལྷབ་མི་སྟོན་པ། ཕྱག་ཚང་སྟོན་པ། འབྲོམ་སྟོན་པ་རྒྱལ་བའི་བྱང་ཆུབ། རྔོག་ལེགས་པའི་ཤེས་རབ། ཁུ་སྟོན་བརྩོན་འགྲུས། འགར་དགེ་བ། ཕྱག་པ་ཁྲི་མཆོག་རྣམས་བོད་རུ་བཞིའི་མཁས་པ་ཡིན། ཅེན་པོ་རྩེ་ལྡེ་ཞེས་པ་མངའ་བདག་བྱང་ཆུབ་འོད་ཀྱི་ཕོ་བོ་སྟེ་འོད་ལྡེའོ། །དེའི་སྲས་

216a

༄༅།       །བསོད་ནམས་ལྡེ། དེ་ལ་སྲས་གསུམ་ཏེ་ཅེན་པོ་བཀྲ་ཤིས་རྩེ་དང་། དེ་འོག་མངའ་ཐང་སྐྱོང་གཉིས་གར་ལོགས་ཀྱིས་བཀྲོངས། ཆུང་པ་འོད་འབར་ལྡེ་གར་ལོག་གི་ཡུལ་ན་བཞུགས་སྟེ། བསྟོད་མངའ་རིས་ཀྱི་བཙན་པོ་ཆོས་ལ་མཛད་པ་རྣམས། རྒྱལ་པོ་བྱ་ཁྲི་མན་ཆད་ཀྱི་ཅེན་རྒྱུད་ཡིན་ནོ་ཞེས་སོ། །ད་ནི་དཔལ་འཁོར་གྱིས་སྲས་འཆིམས་ཚ་བཀྲ་ཤིས་རྩེག་དཔལ་གྱི་ལོ་རྒྱུས་སྟོན་ཏེ། ཁོང་ཅུང་པོ་ལ་ལྡེ་གསུམ་འཁྲུང་པ་ལ། དཔལ་ལྡེ་འོད་ལྡེ་ཀྱིད་ལྡེ་གསུམ་ལ་དབུ་རྩང་རུ་བཞིའི་བཙན་པོའོ། །དཔལ་ལྡེའི་རྒྱུད་ནི་ཚོན་པོ་སྔོན་པོར་ཐུག་ཅེས་པ། དཔལ་ལྡེ་ལ་སྟོད་ཀྱི་གླང་ལུང་བཙན་མཁར་དུ་ཕོག །ཐ་ཆུངས་ཀྱིད་ལྡེ་རྟ་ནག་འཇད་དུ་ཕོག་ཅེས་པ། ཆུང་པ་སྐྱིད་ལྡེ་དང་ལྕོག་རོ་གཟའ་མང་མོ་གཉིས་བཤོས་པའི་སྲས་གསུམ་བྱོན་ཏེ། དེའི་རྒྱུད་ཀྱིས་ལས་སྟོད་ལུང་པ་མན་ཆོད། འཇད་རྟ་ནག་ཡན་གི་ཙང་གཡས་རུ་ལ་མངའ་མཛད་དོ། །སྲས་ཆུང་པ་བྱང་དུ་གཤེགས་སྟེ་མངའ་རིས་གཟུང་། འབྲིང་པོ་ཡབ་ཀྱི་སྟག་གཡུ་རྐུས་ཏེ་ཁྱེར་ནས་ཉག་ལྡེའི་མངའ་རིས་སྲུངས་ཏེ། སྲས་དགུ་ཡབ་དང་བཅུ་བྱུང་ངོ་། །ད་ལྟ་བཙད་པོ་རྒྱལ་བའི་འོད་ལ་ཐུག་གོ །འབྲིང་པོ་འོད་ལྡེ་ལ་སྲས་བཞི་བྱུང་ཏེ། ཕ་བ་དེ་སེ། ཁྲི་ལྡེ། ཁྲི་ཆུང་། ཉག་ལྡེའོ། །མཆེད་གཉིས་ཀྱིས་ཅན་དགུ་(ཅན་དགུ་ལ་ཕས་ཐོག་པའི་ཅན་གསུམ་ལ། གསེར་ཁྲི་ཆུ་དར་ཅན། གུད་ས་བང་སོ་ཅན། གསེར་སྐུ་ཆུ་རིས་ཅན་ནོ། །མས་ཕོག་པའི་ཅན་གསུམ་ལ། ཟངས་ལྟེ་བ་ཅན། དངུལ་ཀྱོགས་ཤ་བ་ཅན། མེ་ཏོར་ཏི་ལིག་ཅན་ནོ། །སྤུན་ཟླས་ཕོག་པའི་མཚོན་གྱི་ཅན་ཅིག་ནི། བཤན་ཐུང་སྡེ་མིག་ཅན་ནོ། །སྲིན་མོས་སྟག་ཕོག་པའི་རྒྱན་གྱིས་ཅན་གཉིས་མཆུར་གཡུ་ཆང་པ་ཅན། བེར་དམར་ཀེ་ཚེ་བྱི་ཀེད་ཅན་ནོ། །)འདོད་དུ་འོང་ཞེས་པ། ཕ་བ་དེ་སེ་དང་ཁྲི་ཆུང་གཉིས་དབུས་སུ་འོང་ནས། མངའ་བདག་ཁྲི་ཆུང་གི་ཁྲུག་པ་བྱས་ནས། ཕྱིང་ང་རྩེ་ཁུང་བུ་མགོན་ནེ་ལ་ཕྲོགས་ནས་ཡར་ལུངས་སུ་ཆགས། ཕ་

216b

བ་དེ་སེ་དངུལ་གཞོང་བེར་ཀ་ཅན་ཐོབ་ནས། རྩང་དུ་ལོག་ཏེ་སྲས་དར་མ་ར་ཙ་བོ། །དེའི་སྲས་དར་མ་བཙན་པོ། དེའི་སྲས་ཁྲི་འབར། དེའི་སྲས་ཁྲི་བཙན་འབར་དང་། བཀྲ་ཤིས་ལྡེ་གཉིས་སོ། །ཆུང་པའི་སྲས་བཙན་སྲོང་ཏེ། དེའི་སྲས་བཙན་པོ་ལྡེ་འབར་ཡིན་ཏེ། སྣུབས་ཡུལ་རོང་དང་། གཡག་སྡེ་མྱང་སྟོད་སྟག་ཚལ་རྒྱ་རལ་ཁྱུང་པོ་རྣམས་སུ་མངའ་མཛད། ད་ལྟ་རྒྱུད་ཇོ་བོ་པྲ་པོ་བྱ་བ་ཡོད་སྐད། ཁྲི་ལྡེ་འོད་ཀྱིས་སྲས་ལྷ་རྒྱལ་བ། དེའི་སྲས་དར་ལྡེ། དེའི་སྲས་དར་མ་ལྡེ་ཏེ་མྱང་སྟོད་ཀོང་བུ་སྣའི་བཙད་པོའོ། །མངའ་བདག་ཁྲི་ཆུང་གིས་སྲས་བཙན་པོ་འོད་ཀྱི་འབར། དེ་ལ་སྲས་བདུན་ཏེ། ཅེན་སྔ་བུ་ཚེ་སྤོང་ཞང་རྗེ་ཚ་ཁྲི་ལྡེ་འབར། ཅུང་ཕྱིས་བུ་ཚང་པ་ཚད་དཔུན་དྲུག་ལ། ཆེ་དག་འོད་བཙན་འབར། དེའི་འོག་མ་གུང་ཙན་འབར། ལྷུན་པོ་འབར། གཡུས་སྤྱན། ལྷ་སྤྱན། ད་ར་དབང་ཕྱུག་གོ །ཅེན་ཁྲི་ལྡེ་འབར་ལ་སྲས་དྲུག །གཅེན་གཡུ་ཐོག །དེ་འོག་བྱེ་ཆུང་ལྷ་སྟོན། དགུང་ལྡེ། ཟླ་བ། ཁྲི་ཐོག །དབྱངས་ཅན་འབར་རོ། །གཡུ་ཐོག་ལ་སྲས་གསུམ། ཆེད་པོ་རྣམ་ལྡེ། འབྲིང་པོ་ཇོ་དགའ། ཆུང་པ་རྩེ་ལྡེའོ། །རྣམ་ལྡེའི་སྲས་ཇོ་ཕག་དང་། འབུམ་ལྡེ་དང་དྲུག་ཕྱི་ང་ཞང་མདའ་ན་བཞུགས། འབྲིང་པོ་ཇོ་དགའི་སྲས་དང་གཅིག །ཆུང་པ་རྩེ་ལྡེ་ཁུ་རྩན་གཉིས་ཡར་སྟོད་དྲ་ངར་གཤེགས། རྩེ་ལྡེའི་སྲས་དོན་མཁར་ན་བཞུགས། ཟླ་བ་ལ་སྲས་གཉིས། ཐོག་རྩན་ལྡེ་འཇུའི་སྟ་ཤག་པའོ། །

217a

༄༅།       །ཁྲི་ཐོག་གདུང་ཆད། དབྱངས་ཅན་འབར་ལ་སྲས་གཉིས། ཅེན་པོ་རབ་དུ་བྱུང་ནས་བྱེ་ཆུང་ལྷ་སྟོན་གྱི་ཚབ་མར་དཔོན་མཛད། ཆུང་པ་ཇི་མ་འོད་ཞང་མདར་གདུང་ཆད། འོད་ཀྱིད་ཀྱིས་སྲས་ཆེད་པོ་རྩང་པ་ཚ་འོད་བཙན་འབར་ལ་སྲས་གཉིས། བྲང་ང་ལྷ་ལྡེ་དང་བྲང་ཆུང་ངོ་། །བྲང་ང་ལ་སྲས་མེད། བྲང་ཆུང་གི་སྲས་དབོན་མོན་འཁར་ན་ཡོད། འོད་བཙན་གྱིས་འོག་མ་གུང་བཙན་འབར་ལ་སྲས་གཉིས། ཅེན་ལྷ་སྟོན་རིང་མོ་དང་། ཅུང་ལྷ་འཐེང་ངུ་གཉིས་ཀས། རབ་དུ་བྱུང་ནས་གདུང་ཆད། གུང་བཙན་འོག་མ་ལྷུན་པོ་འབར་ལ་སྲས་གསུམ། ཆེད་པོ་ཇོ་མགོན་དང་། ཇོ་ཁྲི་བདུན་བྱར་ན་བཞུགས། ཆུང་པ་འབྲུག་ཆུང་ལྡེའོ། །དེ་ལ་སྲས་བཞི་འོད་ལྡེ། དཔལ་ལྡེ། ཁྲི་པོ། གྲུབ་པ་དང་བཞིའོ། །འོད་ལྡེ་ལ་སྲས་གསུམ་ཏེ། ཇོའོ་འཇིག་རྟེན་གདུང་ཆད། སེ་རུ་སྙུན་གྱིས་ཟིན། དེའི་ཇོ་མོ་ཅུང་པོ་ནོར་དགའ་ལ་བྱིན་པས་སྲས་གཅིག་བྱུང་། ཇོ་ཁྲོམ་དང་ཇོ་འབག་གཉིས་ཇོ་ཁྲོམ་ལ་ཤག་ཁྲི། དེའི་སྲས་ཇོ་བོ་དགོས་པ། དེའི་སྲས་ཇོ་བོ་ཁྲི་མགོན་ནོ། །ཇོ་འབག་གི་སྲས་འོད་མཛེས་བྲག་འཁར་བ་རྨེ་བྱུང་། དཔལ་ལྡེའི་སྲས་ཇོ་བོ་དགའ་དགའ། དེའི་སྲས་ཁྲི་འོད། དེའི་སྲས་ཁྲི་འབུམ། དེའི་སྲས་ལྡེ་བཙུན་ནོ། །ལྷ་བཙུན་ཁྲི་པོ་གདུང་ཆད། གྲུབ་པ་ལ་སྲས་མེད། གཡུང་སྤྱན་གྱིས་སྲས་ཇོ་དགའ། དེའི་སྲས་ལོ་ལྷ་སྦ་བ་ཅན། དེ་ལ་སྲས་གསུམ།

217b

ཆེད་པོ་མི་ཐུང་དགའ་ཞེས་སམ་ལྷ་ཆེན་དཔལ་འབར་ཞེས་ཀྱང་བྱ། འབྲིང་པོ་ཁྲི་དར་མ། ཆུང་པ་ལྷ་ཞི་བ་རབ་བྱུང་ངོ་། །ལྷ་ཆེན་དང་ཅུང་ཞི་བ་གཉིས་བྱ་སར་རབ་དུ་བྱུང་ནས་དཔོན་མཛད་དོ། །ཁྲི་དར་མ་ལ་སྲས་གསུམ། ཁྲི་བཙུན། རྣལ་འབྱོར། སྨོན་ལམ་དང་གསུམ། ཁྲི་བཙུག་ལ་སྲས་ལྔ། གཅིག་ཟོ་ཐང་དུ་འཁྲུག་པས་གྲོངས། དེ་འོག་ཁྲི་བཙན་ལྡེ། བརྩེ་ཁ་བོ་སྟེ་བུ་ཆུང་གི་བུས་ཕ་སྲོངས། ཇོ་བོ་སྒོམ་པ་དོ་དབང་དང་ལྔའོ། །ཇོ་དབང་གི་བུ་ཇོ་བོ་བཙན་ཁྲི་དཔལ་ལོ། །ཁྲི་བཙན་ལ་སྲས་བཞི། ཆེད་པོ་བུ་ཆུང་སྲིང་མོས་སྲོངས། དེ་འོག་ངོམ་ཚ་སྤུན་གསུམ་ལ། ཆེད་པོ་སྲོངས་བཙན་གདུང་ཆད། འབྲིང་པོ་ཤག་ཁྲི་མཁར་ཐོག་ན་ཡོད། དེའི་སྲས་ལྷ་ཁྲི་(ལྟོ་སྔོན་ན།)ཆུང་(བཞུགས)པ་ཁམས་པ་ལ་བུ་གཉིས། སྟོར་རིན་དང་། རིག་འོད་གཉིས་སོ། །སྦྱོར་འབན་ཚིག་ན་ཡོད་དེ་སྲས་བཞི། ཆེད་པོ་སྤྱིལ་བུ་བ། དེ་འོག་འབག་པོ། འབག་ཆུང་། ཆུང་པ་བཀྲ་ཤིས་མགོན་ནོ། །འབག་ཆུང་འབྲིང་ཁུང་དུ་ཐར་པར་གཤེགས། བཀྲ་ཤིས་མགོན་དྲོངས། འབག་སོ་ལ་སྲས་བཞི། ཆེད་པོ་ཤཀྱ་མགོན། དེའི་སྲས་ཤཱཀྱ་བཀྲ་ཤིས་ལྷག་རུ་ན་ཡོད། ལྡེ་ཆུང་དྲོངས། ཆུང་པ་ཇོ་རྒྱལ་དེའི་སྲས་ཇོ་འབེར་བུ་ལུ་ན་བཞུགས། ལྷ་སྤྱན་ཁྲ་འབྲུག་པ་ཡིན་ཏེ་གདུང་ཆད། ཆུང་པ་ད་ར་དབང་ཕྱུག་ལ་སྲས་གསུམ། ཐང་ལ་དགའ། ལྷ་དགའ། ཆུང་པ་གསེར་ཐོག་གོ །ཐང་ལ་དགའ་ཁྲ་

218a

༄༅།       །འབྲུག་ན་བཞུགས། དེའི་སྲས་རྣལ་འབྱོར། དེའི་སྲས་ཡོད་རེ་དར། ལྷ་བཙུན་ནོ། །བུ་ཡོར་གྱི་སྲས་དོན་གྲུབ། དེའི་བུ་ཇོ་བསོད་དོ། །ལྷ་དགའ་འོར་མོ་ན་བཞུགས། དེའི་སྲས་ཁྲི་དབང་བཙན། དེའི་སྲས་བཙུན་པ་དགའ་དང་། ཙུན་ཆུང་དགའོ། །བཙུན་པ་དགའི་སྲས་ཨེ་ཤོ་ལེགས། གསེར་ཐོག་གདུང་ཆད་དོ། །དེ་རྣམས་འོད་སྲུངས་རྒྱུད་ཡིན་ནོ། །