(༣. སྲོལ་ཆེན་གསུམ་པ།)
ཡང་སྲོལ་གསུམ་པ་ནི་སློབ་དཔོན་ཤཱནྟི་པས་རྩ་རྒྱུད་དང་རྒྱུད་ཕྱི་མ་གཉིས་སྤྲེལ་ནས་འཆད་པའི་འགྲེལ་པ་སྙིམ་པའི་མེ་ཏོག་ཅེས་བྱ་བ་མཛད་པ་སྟེ། འདི་ནས་མི་བསྐྱོད་པ་གཙོ་བོར་བྱས་པའི་གསང་བ་འདུས་པ་ལྷ་ཉེར་ལྔའི་དཀྱིལ་འཁོར་གྱི་དབང་ཆོག་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཚང་བ་དང་བཅས་པ་སྟོན་ཞིང་། ལྟ་བ་ནི་སེམས་ཙམ་པ་དང་མཐུན་པ་སྟེ། འགྲེལ་པ་དེ་ཉིད་ལས། ཆོས་འདི་ལ་ནི་རྣམ་པར་རིག་བ་ཙམ་དུ་བལྟ་བར་བྱ་སྟེ་ཞེས་གསུངས་པས་སོ། །དེས་ན་སློབ་དཔོན་ཤཱནྟི་པས་གསང་བ་འདུས་པའི་ཆོས་སྐོར། འཕགས་ལུགས་པའི་སློབ་དཔོན་རྒྱལ་སྲས་ས་འདྲེས་པ་དང་། ཡེ་ཤེས་ཞབས་ལུགས་པས་སློབ་དཔོན་སྨན་ཞབས་གཉིས་ལ་གསན་པ་ཡིན་ཀྱང་། ལུགས་དེ་གཉིས་གང་གི་ནང་དུ་ཡང་མི་འདུ་སྟེ། འགྲེལ་པ་དེ་ནས་མི་བསྐྱོད་པ་གཙོ་བོར་བྱས་པའི་ལྷ་ཉེར་ལྔའི་དཀྱིལ་འཁོར་ཅིག་བསྟན་པས་ཡེ་ཤེས་ཞབས་ལུགས་ཀྱང་མིན་པར་བཤད་ཅིང་། ལྟ་བ་རྣམ་རིག་ཏུ་བཀྲལ་བས་འཕགས་ལུགས་ཀྱང་མ་ཡིན་པས་སོ། །
༄༅། །ཡང་རྣལ་འབྱོར་བླ་མེད་དུ་བཀྲལ་བས་གྲུབ་ཆེན་ཀུན་སྙིང་དང་ཡང་མི་མཐུན་ལ། གསང་སྔགས་ཀྱི་ཤིང་རྟའི་སྲོལ་རང་དགར་བྱེད་པ་ཡང་མ་ཡིན་པས། བླ་མ་སྔ་མ་ཁ་ཅིག་གི་རྗེས་འགྲང་ལས་འོས་མེད་མོད། འོན་ཀྱང་གང་གི་རྗེས་སུ་འབྲངས་ཀྱི་བཤད་ཚོད་ཁ་གསལ་མེད་པར་བརྟེན། བླ་མ་གོང་མ་དག་གི་སྲོལ་ལེགས་པ་གཅིག་ཏུ་མཛད་པ་ཡིན་ནོ། །