གསང་འདུས་ཆོས་འབྱུང་།
ས་ར་ཧ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ས་ར་ཧ།)

དེའི་ཚེ་རྒྱ་གར་ལྷོ་ཕྱོགས་ཨོ་དྷེ་ཤ་ན་རྒྱལ་པོ་བི་སུ་ཀལྤ་ལེགས་པའི་ཏོག་ཅེས་བྱ་བ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་མཁས་པ་ཞིག་བཞུགས་ཏེ། དེའི་ཐུགས་དགོངས་ལ། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ལས། ལས་དང་པོ་པས་འདོད་ཡོན་སོགས་ཉོན་མོངས་པ་སྤངས་ནས་བྱང་ཆུབ་བསྒྲུབ་པར་གསུངས་ནའང་། མདོ་སྡུད་པ་ལས། དེ་ཚེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང་། །ཞེས་སོགས་དང་། འོད་སྲུངས་ཀྱིས་ཞུས་པ་ལས། ཇི་ལྟར་གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེས་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་འདོད་ཡོན་ལ་འདོད་ཅིང་ཉོན་མོངས་གྲོགས་སུ་འཆར་བའི་ལམ་སྟོན་པའི་ཚིག་ཞིག་ནི་བྱུང་། དེ་ཉམས་སུ་ལེན་ཚུལ་མི་ཤེས་པ་ལ་གསལ་བར་བསྟན་པ་མ་བྱུང་བས། དེ་སྟོན་པའི་རྒྱལ་བའི་བཀའ་ཞིག་ནི་ཡོད་ངེས། དེ་ལྟ་བུའི་ཐེག་པ་མཆོག་དང་མཇལ་བར་ཤོག་ཅིག་ཅེས་སྨོན་པའི་ཚེ།

29a

༄༅།       །རྨི་ལམ་དུ་མཁའ་འགྲོ་མས། ཁྱོད་དེ་ལྟ་བུའི་ཐེག་པའི་མཆོག་འདོད་ན། འདི་ནས་བྱང་ཕྱོགས་ན་དཔལ་ཨོ་རྒྱན་གྱི་གནས་ཞེས་བྱ་བར་ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་ན་དཔལ་གསང་བ་འདུས་པ་ལ་སོགས་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བདག་བྱས་ནས་ཡོད་པས་དེར་སོང་ལ་ཞུས་ཤིག་ཅེས་ལུང་བསྟན་ནོ། །དེར་རྒྱལ་པོས་དཔལ་ཨོ་རྒྱན་གྱི་གནས་སུ་བྱོན་ཏེ་ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་གི་སྒོ་བཞི་ནས་རིམ་པ་བཞིན་ཕྱག་བྱས། སླར་ཡང་ཤར་སྒོ་ནས་ཕྱག་བྱས་གསོལ་བ་བཏབ་པའི་རྗེས་སུ་བུད་མེད་ཅིག་བྱུང་ནས། ཁྱོད་རྒྱལ་པོ་བི་སུ་ཀལྤ་ཡིན་ནམ་གསུངས། ཡིན་བྱས་པས། ལྷ་ཁང་གི་ནང་དུ་ཁྲིད་གསང་བ་འདུས་པའི་དཀྱིལ་འཁོར་དུ་མངོན་སུམ་དུ་བཅུག །དབང་བསྐུར། རྒྱུད་བཤད། གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་གནང་ནས་གླེགས་བམ་གཏད་དོ། །སྤྱིར་ཨོ་རྒྱན་དུ་ལ་ལས་དབང་དང་ལུང་ཐོབ་ཀྱང་རྒྱུད་མ་ལོན་པ་དང་། ལ་ལས་རྒྱུད་ལོན་ཀྱང་དབང་དང་ལུང་མ་ཐོབ་པ་ཡོད་ནའང་། རྒྱལ་པོ་འདིས་ཐམས་ཅད་དུས་གཅིག་ལ་ལོན་པ་ཡིན་ལ། དེ་ནས་རྒྱལ་པོ་དེས་གསང་བ་འདུས་པའི་དོན་བསྒོམས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ནས་རྒྱུད་རྣམས་ཁྱེར་ཏེ་འཕགས་ཡུལ་དུ་བྱོན་པས། དེའི་ཚེ་འཕགས་ཡུལ་གྱི་ཡུལ་ར་ཌའི་བྲམ་ཟེ་ཞིག་ལ་སྲས་བཞི་ཡོད་པ་ལས། དེ་དག་གིས་གཞོན་ནུའི་དུས་སུ་སྒྲའི་བསྟན་བཅོས་ལ་སོགས་པའི་རིག་པའི་གནས་ལ་ལེགས་པར་སྦྱངས། ཕྱིས་བསྟན་པ་ལ་དད་པར་གྱུར་པ་དང་། དེའི་ནང་ནས་གཅིག་བཅོམ་ལྡན་འདས་ཀྱི་སྲས་སྒྲ་གཅན་འཛིན་བཟང་པོའི་དྲུང་

29b

དུ་རབ་ཏུ་བྱུང་བའི་མཚན་ཡང་སྒྲ་གཅན་འཛིན་དཔལ་བཟང་པོར་བཏགས། དེས་ཕྱིའི་སྡེ་སྣོད་ལ་ལེགས་པར་སྦྱངས་པས་མཁས་པ་ཆེན་པོར་གྱུར་ཏེ། བི་ཀ་མ་ལ་ཤཱི་ལའི་མཁན་པོ་མཛད་ཅིང་བཞུགས་པ་ལས། རྒྱལ་པོ་བི་སུ་ཀལྤ་ཞེས་བྱ་བས་ཨོ་རྒྱན་ནས་མཁའ་འགྲོ་མ་རྣམས་ལས་གསང་སྔགས་ཟབ་མོའི་ཆོས་ལོན་ཡོད་ཟེར་བ་ཐོས་ནས་དད་དེ། དེའི་དྲུང་དུ་སོང་ཞིང་ཞུས་པས། དེས་ཀྱང་གསང་བ་འདུས་པའི་དཀྱིལ་འཁོར་དུ་བཅུག །དབང་བསྐུར། རྒྱུད་བཤད། གདམས་པ་དང་རྗེས་སུ་བསྟན་པ་མ་ལུས་པ་གནང་། བྲམ་ཟེ་དེས་ཀྱང་དོན་ཉམས་སུ་བླངས་པས་བསྐྱེད་རྫོགས་ཀྱི་དོན་ལ་བརྟན་པ་ཅུང་ཟད་ཐོབ་པ་དང་། དེ་མཐར་ཕྱིན་པར་བྱ་བའི་ཕྱིར་རབ་བྱུང་གི་ཆ་ལུགས་སྦས་ཏེ་སྤྱོད་པ་ལ་གཤེགས་སོ། །དེའི་ཚེ་མདའ་འཕེན་པའི་སྤྱོད་པ་མཛད་དེ། མདའ་ལེགས་པར་བསྲངས་ན་གནད་དུ་འཕོག་པ་བཞིན་དུ། སེམས་ཉིད་གནས་ལུགས་ཀྱི་སྟེང་དུ་སྲོང་ན་གྲོལ་བར་རྟོགས་ནས་རྟོགས་པ་མཆོག་བརྙེས་སོ། །དེའི་ཚེ་ས་ར་ཧ་ཞེས་པར་མཚན་གྲགས། དེ་ཡང་མདའ་བསྣུན་ཞེས་པ་ཡིན་ལ། གྲུབ་ཆེན་དེས་རང་གི་རྟོགས་པ་གླུར་བླངས་པ་དོ་ཧ་མཛོད་མཛད། དེ་ཡང་སྤྱིར་དོ་ཧ་ལ་རྒྱལ་པོ་དོ་ཧ། བཙུན་མོ་དོ་ཧ། དམ་པ་དོ་ཧ་དང་གསུམ་ལས། དེ་གསུམ་ཆར་སློབ་དཔོན་འདིས་མཛད་པར་གྲགས་ཀྱང་། གཞན་གཉིས་ནི་བལ་པོའི་པཎྜི་ཏ་ཞིག་གིས་བྱས་པ་སློབ་དཔོན་འདི་ལ་ཁ་འཕངས་པ་ཡིན་པར་གྲགས་ལ། འདིས་མཛད་པའི་དོ་ཧ་ནི་དམངས་དོ་ཧར་གྲགས་ལ། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །ཞེས་པ་ཡོད་པ་དེ་ཡིན་པར་བཤད་དོ། །དེ་ལྟ་བུའི་

30a

༄༅།       །གྲུབ་པའི་སློབ་དཔོན་ཆེན་པོ་དེ་མཐར་དཔལ་གྱི་རི་ལ་གཤེགས་ཤིང་། ལོ་སུམ་སྟོང་བཞི་བརྒྱ་བཞུགས་ནས་སྐལ་ལྡན་གྱི་དོན་མཛད་པར་གྲག་གོ། །