གསང་འདུས་ཆོས་འབྱུང་།
༡. ས་ལུགས་རྙིང་མའི་བརྒྱུད་པའི་རིམ་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༡. ས་ལུགས་རྙིང་མའི་བརྒྱུད་པའི་རིམ་པ།)

དང་པོ་ནི། རྗེ་འགོས་ལོ་ཆེན་པོས་འཁོན་དཀོན་མཆོག་རྒྱལ་པོ་ལ་གནང་། དེས་སྐྱུ་ར་ཨ་སྐྱབས་ལ། དེས་ས་ཆེན་ལ་གནང་ཞིང་། ཡང་འགོས་ཀྱི་སློབ་མ་རྒྱུད་ཀྱི་ཀ་བ་ཚུགས་པ་བཞིའི་ནང་ཚན་དབུས་པ་གེ་སེར་གྱིས་གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན་ལ་འདུས་པའི་དབང་རྒྱུད་གདམས་པ་མཐའ་དག་གནང་སྟེ། ཁའུ་པ་ལ་འདུས་པའི་སྒྲུབ་ཐབས་བསྟན་པའི་ནོར་རྫས་བྱ་བ་སོགས་དང་། གཞན་ཡང་མན་ངག་མང་དུ་བཞུགས། དེ་ཉིད་ཀྱི་དྲུང་དུ་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོས་སྤྱིར་མདོ་སྔགས་ཀྱི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསན་ཞིང་། དང་པོ་བླ་ཆེན་འདི་ཁ་བ་ཅན་གྱི་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་མགྲོན་དུ་འབྱོན་པའི་རྟེན་འབྲེལ་ཡང་བླ་མ་འདི་ཉིད་ཀྱིས་སྒྲིག་པར་མཛད། བླ་ཆེན་འདི་ལ་སྲས་ཀྱི་ཐུ་བོ་བཞི་དང་། དཔལ་ཆེན་འོད་པོ་ལ་སྲས་གཉིས་བྱོན་པའི་ཆུང་བ་ཟངས་ཚ་བསོད་ནམས་རྒྱལ་མཚན་ལ་སྲས་ཆེ་བ་ཆོས་རྒྱལ་འཕགས་པ་དང་། འགྲོ་མགོན་

81a

༄༅།       །ཕྱག་ན་གཉིས། ཆུང་བ་སློབ་དཔོན་རིན་ཆེན་རྒྱལ་མཚན་དང་། ཡེ་འབྱུང་གཉིས་ཏེ་བཞི་བྱོན་པའི་ནང་ནས། ས་ཆེན་གྱི་སྲས་བཞི། ཆོས་རྗེ་ཁུ་དབོན་གཉིས། ཟངས་ཚ་སྟེ་འཇམ་དབྱངས་བདུན་བརྒྱུད་དང་། ཡང་ཡེ་འབྱུང་གི་སྲས་བདག་ཉིད་ཆེན་པོ་ནས་ས་སྐྱ་པའི་གདུང་བརྒྱུད་རིན་པོ་ཆེ་ཟམ་མ་ཆད་པ་བྱོན་ནས་འགྲོ་བ་མང་པོའི་དོན་མཛད་པ་འདི་ཡང་། བླ་མ་གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན་འདི་ཁོ་ནའི་བཀའ་དྲིན་ཡིན་ཏེ། དེ་ཡང་བླ་མ་སྒྱི་ཆུ་བ་གཤེགས་པའི་ཞལ་ཆེམས་ལ། ས་ཆེན་ལ་ཁྱོད་རབ་ཏུ་བྱུང་ལ་འཁོན་ཚོའི་སྡེ་འདི་ཁྱོད་གསུངས་པ་བྱུང་བ་བཞིན་བླ་ཆེན་གྱིས་སེར་ཆས་བསྒྲུབས་ནས་རབ་ཏུ་བྱུང་བར་བརྩམས་པས། དེ་ཉིད་བླ་མ་གནམ་ཁའུ་པས་དགོངས་ནས། བླ་ཆེན་ལ་ངའི་དྲུང་དུ་ཤོག་གསུང་བ་བྱུང་ནས་བྱོན་པ་ན། ཁྱོད་སེར་ཆས་བསྒྲུབས་ནས་ཅི་བྱེད་གསུངས། རབ་ཏུ་འབྱུང་བ་ལགས་ཞུས་པས། མ་བྱེད་གསུངས། བླ་མ་སྒྱི་ཆུ་བའི་གསུང་ཡིན་ཞུས་པས། བླ་མ་མཉམ་པོ་ལ་ཁོང་ཤི་པོའི་གསུང་ལས། ང་གསོན་པོའི་ངག་ལ་ཉོན། རབ་ཏུ་མ་བྱུང་ན་ཕན་ཆེ་བ་ཅིག་ཡོང་གསུངས་ནས་མ་གནང་བར། དེ་ནས་བླ་ཆེན་འདིས་གདུང་སྲས་སྤེལ་བ་ལ་བརྟེན། འཇམ་དབྱངས་བདུན་བརྒྱུད་སོགས་བར་མ་ཆད་པ་བྱོན་ནས་ས་སྐྱ་པ་ཞེས་པའི་སྙན་གྲགས་སྲིད་པ་གསུམ་ན་ཆེས་ཆེར་གསལ་ཞིང་། ཁ་བ་ཅན་གྱི་སྐྱེ་དགུ་མཐའ་དག་སྨིན་གྲོལ་ལ་བཀོད་དེ༑ འཛམ་གླིང་བྱང་ཕྱོགས་འདིར་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པའི་དགེ་ལེགས་ཀྱི་རྒྱུན་འདི་བཞིན་བྱུང་བ་ཡིན་ནོ། །དེ་ལྟ་བུའི་བླ་མ་གནམ་ཁའུ་པའི་དྲུང་དུ་རྗེ་བཙུན་འདིས་མཚན་ཉིད་སྐོར་ལ་བྱམས་ཆོས་སོགས་མང་པོ་དང། སྔགས་ལ་

81b

བྱ་རྒྱུད་རིག་པ་མཆོག་གི་རྒྱུད། ལེགས་གྲུབ། དཔུང་བཟངས། གསང་བ་སྤྱི་རྒྱུད། བསམ་གཏན་ཕྱི་མའི་རྒྱུད་སོགས་འགྲེལ་པ་ཡན་ལག་དང་བཅས་པ། སྤྱོད་རྒྱུད་ལ་རྣམ་སྣང་མངོན་བྱང་འགྲེལ་པ་ཕྲན་དང་བཅས་པ། ཡོ་ག་ལ་དེ་ཉིད་འདུས་པའི་རྒྱུད་འགྲེལ་བཅས། དཔལ་མཆོག་དང་པོའི་རྒྱུད། རྡོ་རྗེ་རྩེ་མོ་སོགས་འགྲེལ་པ་དང་བཅས་པ་མང་པོ་དང་། བླ་མེད་ལ་འདུས་པ་མི་བསྐྱོད་པའི་དབང་། དགོངས་འགྲེལ་གྱི་བསྟན་བཅོས་སྒྲོན་གསལ། མདོ་བསྲེ། མདོ་བྱས། རིམ་ལྔ་སྤྱོད་བསྡུས། བདག་བྱིན་གྱིས་བརླབས་པའི་རིམ་པ། སེམས་ཀྱི་སྒྲིབ་སྦྱོང་། དཀྱིལ་ཆོག་ཉི་ཤུ་པ། ཟླ་གྲགས་ཀྱི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སོགས་འདུས་པ་འཕགས་སྐོར་གྱི་གཞུང་གདམས་ངག་དང་བཅས་པ་མང་པོ་ཞིག་དང་། ཡེ་ཤེས་ཞབས་ལུགས་ཀྱི་སྒྲུབ་ཐབས་ཀུན་བཟང་འགྲེལ་པ་གསུམ་དང་བཅས་པ་སོགས་ས་ལུགས་གཉིས་ཀྱི་གདམས་པ་ཕལ་ཆེ་བ་གསན་པ་ཡིན་ལ། དེ་ཉིད་ཀྱིས་གནམ་ཁའུ་པ་རྡོ་རྗེ་བདུད་འཇོམས་ལ། དེས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལ་གནང་བ་ཡིན་ལ། ཡང་ལོ་རྒྱུས་ཀྱི་ཡིག་འགའ་ཞིག་ལས། ས་ཆེན་གྱིས་སློབ་དཔོན་རིན་པོ་ཆེ་ལ་གནང་། དེས་རྗེ་བཙུན་ལ་གནང་བ་ཡིན་གསུངས་ནས། རྡོ་རྗེ་བདུད་འཇོམས་མ་བགྲངས་པ་ཡང་ཡོད་ལ། གང་ལྟར་རྗེ་བཙུན་རིན་པོ་ཆེ་ནས་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། བླ་ཆེན་འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བྲག་ཕུག་པ་བློ་བརྟན། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ་སོགས་ཀྱི་བར་དུ་བརྒྱུད་ནས། དེ་མན་ཆད་གོང་མར་

82a

༄༅།       །འགོས་གཉིས་ཀྱི་བརྒྱུད་རིམ་དང་ཕལ་ཆེར་འདྲ་བ་ཡིན་ནོ། །