བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༣. མཐར་གནས་ཚུལ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༣. མཐར་གནས་ཚུལ།)

གསུམ་པ་ལ་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་འགྲེལ་པར་བསྟན་པ་ལོ་སྟོང་དུ་གནས་པར་གསུངས། སྙིང་རྗེ་པད་དཀར་དུ་ཕྱེད་དང་ཉིས་སྟོང་། རྡོ་རྗེ་གཅོད་པའི་འགྲེལ་པར་ཕྱེད་དང་སུམ་སྟོང་། ཟླ་བ་སྙིང་པོའི་མདོ་ལས་ལོ་ཉིས་སྟོང་གནས་པར་གསུངས་སོ། །འབུམ་ཏིག་ཏུ་ལོ་ལྔ་སྟོང་གནས་པ་ལས་སྟོང་ཕྲག་རེ་རེ་ལ་ཕྱེད་ཕྱེད་དུ་བཅད་པས་ལྔ་བརྒྱ་ཕྲག་བཅུ་ལ་ལེའུ་བཅུར་འགྱུར་ཏེ། དེ་ལ་ལྔ་བརྒྱ་དང་པོ་དང་གཉིས་པ་དང་གསུམ་པ་རྣམས་ལ་རིམ་པ་ལྟར་དགྲ་བཅོམ་པ་དང་ཕྱིར་མི་འོང་བ་དང་རྒྱུན་ཏུ་ཞུགས་པ་མང་དུ་འབྱུང་བས་དགྲ་བཅོམ་པའི་ལེའུ་དང་ཕྱིར་མི་འོང་བའི་ལེའུ་དང་། རྒྱུན་ཏུ་ཞུགས་པའི་ལེའུ་ཞེས་བྱ་སྟེ། ཁོང་དུ་ཆུད་པའི་ལེའུ་གསུམ་དང་། དེ་ནས་ལྔ་བརྒྱ་བཞི་པ་དང་ལྔ་པ་དང་དྲུག་པ་རྣམས་ལ་གོ་རིམ་བཞིན་དུ་ལྷག་མཐོང་དང་ཏིང་ངེ་འཛིན་དང་ཚུལ་ཁྲིམས་དང་ལྡན་པ་མང་དུ་འབྱུང་བས་ལྷག་མཐོང་གི་ལེའུ་དང་། ཏིང་ངེ་འཛིན་གྱི་ལེའུ་དང་། ཚུལ་ཁྲིམས་ཀྱི་ལེའུ་ཞེས་བྱ་སྟེ་བསྒྲུབ་པའི་ལེའུ་གསུམ་དང་། དེ་ནས་ལྔ་བརྒྱ་བདུན་པ་དང་། བརྒྱད་པ་དང་དགུ་པ་ལ་རིམ་པ་ལྟར་ཆོས་མངོན་པ་དང་མདོ་སྡེ་དང་། འདུལ་བ་སྟོན་པ་མང་དུ་འབྱུང་བས་མངོན་པའི་ལེའུ་མདོ་སྡེའི་ལེའུ་འདུལ་བའི་ལེའུ་སྟེ་ལུང་གི་ལེའུ་གསུམ་དང་། ལྔ་བརྒྱ་པ་

12b

བཅུ་པ་ནི་རབ་ཏུ་བྱུང་བའི་རྟགས་ཙམ་ལས་ལྟ་སྤྱོད་རྣལ་མ་དང་མི་ལྡན་པས་རྟགས་ཙམ་འཛིན་པའི་ལེའུ་སྟེ་འདི་ཉིད་ལ་ལྔ་བརྒྱ་ཐ་མ་ཞེས་བཤད་དོ། །དེའི་ལུགས་ཀྱིས་ས་མོ་སྦྲུལ་གྱི་ལོ་ཡན་ཆོད་ལ་སུམ་སྟོང་བཞི་བརྒྱ་དྲུག་ཅུ་རྩ་གཉིས་འདས། ཐུབ་པ་འབྲུག་ལོ་བར་བཞེད་པའི་ལུགས་ཡིན། གླང་ལོར་བཞེད་པའི་ལུགས་ཀྱིས་དེ་བས་གསུམ་གྱིས་མང་། དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་ལས། སྐྱེ་དགུའི་ཚེ་ལོ་དྲུག་བརྒྱ་པའི་བར་དུ་གནས་པ་ཡང་གསུངས་སོ། །    ༅༙   ཟླ་བའི་སྙིང་པོས་ཞུས་པ་ལས་ནི། བསྟན་པ་ལོ་ཉིས་སྟོང་དུ་གནས་ཤིང་། དེའི་མཇུག་ཏུ་རྒྱལ་པོ་དང་། རབ་ཏུ་བྱུང་བ་རྣམས་ཆོས་བཞིན་མི་སྤྱོད་པའི་རྒྱུ་མཚན་གྱིས་འཇིག་རྟེན་དུ་བཀྲ་མི་ཤིས་པ་སྣ་ཚོགས་འབྱུང་། དེའི་ཚེ་རྒྱ་གར་དང་རྒྱ་མ་ཡིན་པའི་རྒྱལ་པོ་ཡ་བ་དང་བ་ལ་བ་དང་ཤམ་ཁུ་ན་ཞེས་བྱ་བ་གསུམ། སྲིད་གཅིག་ཏུ་བྱས་ཏེ་གམ་གའི་ཚུར་རོལ་མ་ཧཱ་དེ་ཤ་ལགས་པའི་ཡུལ་འཛིན་པར་འགྱུར་རོ། །དེའི་ཚེ་གམ་གའི་ཕ་རོལ་ལྷོ་ཕྱོགས་ན་ཀོའུ་ཤམ་བྷི་ཞེས་བྱ་བར་རྒྱལ་པོ་མ་ཧེནྡྲ་སེ་ན་ཞེས་བྱ་བ་ལ་བུ། དུ་པྲ་ས་ར་ཞེས་བྱ་བ་སྨིན་མཚམས་ན་ལྕགས་ཀྱི་སྨེ་བ་ཡོད་པ་ལག་པ་གྲུ་མོ་མན་ཆད་ཁྲག་གིས་བྱུགས་པ་འདྲ་བ་ཅིག་བྱུང་། དེ་དང་དུས་མཉམ་དུ་བློན་པོའི་བུ་ལག་པའི་འཁྲིག་མ་མན་ཆད་ཁྲག་གིས་བྱུགས་པ་འདྲ་བ་ལྔ་བརྒྱ་དང་། རྟེའུ་སྨྲ་ཤེས་པ་གཅིག་ཀྱང་བཙས་སོ། །དེ་ལོ་བཅུ་གཉིས་སོང་བ་དང་སྔར་གྱི་རྒྱལ་པོ་གསུམ་གྱི་དམག་བྱུང་བ་དང་འཐབ་པས་ལྕགས་ཀྱི་སྨེ་བ་འཕེལ་ནས་ལུས་རིལ་ལྕགས་སུ་སོང་སྟེ་རྒྱལ་པོ་གསུམ་གྱི་དམག་བཅོམ་

13a

༄༅།       །ནས་འཛམ་བུའི་གླིང་གི་རྒྱལ་པོར་གྱུར་ཏེ། དེའི་སྡིག་སྦྱོང་གི་ཐབས་སུ་གྲོང་ཁྱེར་སྐྱ་བོའི་ཕུ་ནས་སྡེ་སྣོད་འཛིན་པ་སློབ་མ་ཅན་སྤྱན་དྲངས་ཏེ་སྡིག་སྦྱོང་ཞུས་པས་ལོ་བཅུ་གཉིས་སུ་དཀོན་མཆོག་གསུམ་མཆོད་ན་སྡིག་བྱང་ངོ་ཞེས་ཐོས་ནས་འཛམ་བུའི་གླིང་གི་དགེ་སློང་ཐམས་ཅད་དཀུག་སྟེ་ཡུལ་གཞན་དུ་ཆོས་སྤྱོད་དུ་མི་སྟེར་བར་གྱུར་ཏོ། །དེ་ནས་དགེ་སློང་འབུམ་ཙམ་འདུས་ཏེ་ཕན་ཚུན་གཏམ་བྱས་པས་འགྲེལ་པ་རྣམས་ཤི་བའི་མྱ་ངན་ལངས་ཏེ་ངུས་པས་རྒྱལ་པོ་མ་དགའ་ནས་སྨོན་ལམ་བཏབ་པས་ལྷས་ལུང་བསྟན་ནས་དགྲ་བཅོམ་པ་དེས་པ་སྤྱན་དྲངས་ནས་ཕྱག་དང་མཆོད་པ་བྱས་སོ། །དེ་ནས་ཚེས་བཅུ་བཞིའི་ནུབ་མོ་དགེ་འདུན་འདུས་པའི་ནང་ནས་དགེ་སློང་གསར་བུ་རྣམས་ཀྱིས་མཁན་པོ་སློབ་མ་ཅན་ལ་འདུལ་བ་བཤད་པར་གསོལ་བ་དང་། དེས་ཆོས་ཁྲིམས་མི་བསྲུང་བ་ལ་འདུལ་བ་བཤད་པས་ཅི་ལ་ཕན་ཟེར་བ་དང་དགྲ་བཅོམ་པ་དེས་པས་ཆོས་ཁྲིམས་མནོས་ནས་དེའི་བར་དུ་རྩ་མཆོག་ཙམ་ཡང་མ་ཉམས་ན། དེ་སྐད་མ་ཟེར་བར་འདུལ་བ་ཤོད་ཅེས་གླེངས་པས་སློབ་མ་ཅན་གྱིས་དེ་དགྲ་བཅོམ་པ་ཡིན་པར་ཤེས་ནས་གནོང་ཏེ་ཅང་མི་སྨྲ་བར་འདུག་གོ། །དེ་ནས་སློབ་མ་ཅན་གྱི་སློབ་མ་དགེ་སློང་དཔུང་བརྒྱན་ཞེས་བྱ་བས་དགྲ་བཅོམ་པ་ལ། ཁྱོད་ངའི་མཁན་པོ་ལ་ཅིའི་ཕྱིར་བརྙས་ཞེས་ཟེར་ནས་བདེག་དེ་བསད། གནོད་སྦྱིན་ཞོ་གཏོང་གིས་དཔུང་བརྒྱན་བསད། དགེ་སློང་གེ་རད་ཀྱིས་སློབ་མ་ཅན་བསད། དེ་ནས་ཕན་ཚུན་གཅིག་གིས་གཅིག་བསད་དེ་གཅིག་ཀྱང་མ་ལུས། དཀར་པོའི་ཕྱོགས་ལ་དགའ་བའི་ལྷ་རྣམས་

13b

ངུས་པའི་མཆི་མ་ཁྲག་དང་མོའི་ཆར་དུ་བབ། གོས་ཚོན་ཅན་རྣམས་ལྷའི་ཡུལ་དུ་གདན་དྲངས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་མྱ་ངན་དུ་གྱུར་ཏེ། དགྲ་བཅོས་པ་ནི་ངའི་མ། སྡེ་སྣོད་གསུམ་པ་ནི་ཆོས་ཀྱི་མཛོད་དེ་འདི་གཉིས་འདས་པས་ད་ཕྱིན་ཆད་སྲོག་ཀྱང་གཅེས་པ་མེད། རྒྱལ་སྲིད་ཀྱང་སུ་འདོད་པ་ལ་སྦྱིན་ནོ་ཞེས་སྨྲས་ནས་མིག་བཙུམས་ཏེ་མི་ལྟ་བར་གྱུར་པ་དང་བློན་པོ་རྣམས་ཀྱིས་མྱ་ངན་བསང་བའི་ཕྱིར། མི་ལྔ་བརྒྱའི་སྐྲ་དང་ཁ་སྤུ་བསྲེགས། ཕྱུག་དམར་བོའི་ཀོ་བ་བསྐོན་ནས་རབ་ཏུ་བྱུང་བ་ལྔ་བརྒྱ་འོངས་སོ་ཞེས་གསོལ་བས་རྒྱལ་པོ་དགའ་སྟེ། དེ་རྣམས་ལ་མཆོད་ནས་ཆོས་དྲིས་པས་ཆོས་ཚིག་གཅིག་ཀྱང་མ་ཤེས་ནས་རྒྱལ་པོ་མྱ་ངན་ལངས་ཏེ་ངུ་བར་གྱུར་ཏོ། །དེའི་ཚེ་འཛམ་བུའི་གླིང་གི་ཆོས་རིལ་པོ་ནུབ་པར་གྱུར་ཏོ་ཞེས་འབྱུང་ངོ་། །