བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༡. གསུངས་པའི་ཚུལ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༡. གསུངས་པའི་ཚུལ།)

དང་པོར་གསུངས་པའི་ཚུལ་ནི། བྱ་བ་དང་སྤྱོད་པའི་རྒྱུད་ནི། དུས་བསྐལ་པ་བཟང་པོ་འདི་ཉིད་ལ་ཅི་རིགས་པར། སྟོན་པ་སྤྲུལ་སྐུ་མཆོག་གིས་གནས་རི་རབ་ཀྱི་རྩེ་མོ་ལ་སོགས་པར། འཁོར་རང་རང་གི་དཀྱིལ་འཁོར་ལ་བཀོད་པའི་འཁོར་དང་ཉན་པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ། ཆོས་བྱ་སྤྱོད་ཀྱི་ཆོས་ཀྱི་འཁོར་ལོ་གསུངས་སོ། །རྣལ་འབྱོར་གྱི་རྒྱུད་ནི། སྟོན་པ་བཅོམ་ལྡན་འདས་ཀྱིས་འོག་མིན་དུ་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ནས་སངས་རྒྱས་ཏེ་རིང་པོར་མ་ལོན་པར། གནས་རི་རབ་ཀྱི་རྩེ་མོར་གཞལ་ཡས་ཁང་སྤྲུལ་ནས། འཁོར་དཀྱིལ་འཁོར་ལ་བཀོད་པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཉན་པའི་འཁོར་བསྐལ་པ་དང་ལྡན་པའི་གདུལ་བྱ་དཔག་ཏུ་མེད་པ་ལ་ཆོས་

14a

༄༅།       །དེ་ཉིད་འདུས་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་གསུངས་སོ། །རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ནི། སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས། སྔོན་ཉིད་དུ་གསུངས་ན་ཡང་རྒྱུད་ཁ་ཅིག་ཕྱིས་ཟས་གཙང་གི་སྲས་དོན་གྲུབ་སངས་རྒྱས་པའི་ཚུལ་བསྟན་ནས་ཟླས་ཏེ་གསུངས་པ་ཡོད་དེ་དཔེར་ན་རྒྱུད་སྡེ་འོག་མ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལྟ་བུའོ། །དེས་ན་རྣལ་འབྱོར་ཆེན་པོའི་རྒྱུད་གསང་བ་འདུས་པ་ལ་སོགས་པ་ནི། དུས་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་པའི་ཚེ་གནས་དེ་ནས་དཔག་ཚད་སུམ་བརྒྱ་ན། ཨུ་རྒྱན་ཞེས་བྱ་བའི་ཡུལ་ན་རྒྱལ་པོ་ཨིནྡྲ་བྷུ་ཏི་ཞེས་བྱ་བ་ཡོད། དེས་སྔ་དྲོའི་དུས་ཅིག་གི་ཚེ་དགེ་སློང་གི་གཟུགས་དུ་མ་ནམ་མཁའ་ལ་འགྲོ་བ་མཐོང་སྟེ་དེ་དག་ཅི་ཡིན་བློན་པོ་ལ་དྲིས་ཀྱང་མ་ཤེས་པར་ཡུལ་འཁོར་གྱི་མི་རྣམས་ལ་དྲིས་པས་དེ་དག་སངས་རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས་སོ་ཟེར་བ་ཐོས་ནས་དད་དེ། དེའི་ཕྱོགས་སུ་ཕྱག་འཚལ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་འདུག་པས་མཉན་ཡོད་ན་བཅོམ་ལྡན་འདས་འཁོར་དང་བཅས་པ་བཞུགས་པ་མཐོང་ངོ་། །དེ་དད་པ་སྐྱེས་ནས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཐུགས་རྗེ་ཅན་རྫུ་འཕྲུལ་གྱི་ཞབས་མངའ་བས་ནང་པར་གདུགས་ཚོད་ལ་གཤེགས་སུ་གསོལ་ཞེས་གསོལ་བ་བཏབ་པས་སང་བཅོམ་ལྡན་འདས་འཁོར་དང་བཅས་པ་བྱོན་པ་ལ། རྒྱལ་པོ་འཁོར་དང་བཅས་པས་མཆོད་དེ་གསོལ་བ་བཏབ་པ། བདག་ཅག་སྲིད་པའི་སྡུག་བསྔལ་ལས་ཐར་བར་མཛད་དུ་གསོལ་ཞེས་ཞུས་པས། བཀའ་སྩལ་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཤིག་ཐབས་ཡོད་དོ་ཞེས་གསུངས་པས། བདག་ཅག་ནི་འདོད་

14b

པའི་ཡོན་ཏན་གྱིས་གདུང་པ་ཆེ་བས་འདོད་ཡོན་མ་སྤངས་པར་སང་རྒྱ་བའི་ཐབས་ཞུའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྐྱེ་བོ་འདོད་ཆགས་ཅན་རྗེས་སུ་བཟུང་བའི་དོན་དུ། རྡོ་རྗེ་བཙུན་མོའི་བྷ་ག་ཆོས་བྱུང་གི་དབུས་སུ་(ལུས་གཞལ་ཡས་ཁང་ཕུང་ཁམས་སྐྱེ་མཆེད་ལྷ་ལྷ་མོ་ནང་)སྤྲུལ་པའི་དཀྱིལ་འཁོར་དུ་དཀྱིལ་འཁོར་ལ་བཀོད་པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཞུ་བ་པོའི་འཁོར་རྒྱལ་པོ་ཨིནྡྲི་བྷུ་ཏི་ལགས་པ་ལ་རིག་པའི་དབང་བཞི་པ་བསྐུར་བ་བྱིན་ནས་ཆོས་རིམ་པ་གཉིས་ཀྱི་བདག་ཉིད་ཅན་རྣལ་འབྱོར་ཆེན་པོའི་རྒྱུད་གསུངས་ནས་རྡོ་རྗེ་ཆོས་ལ་རྒྱུད་གཏད་དོ་ཞེས་གྲག་གོ། །ཁ་ཅིག་ན་རེ་དེ་ནི་ཆོས་བསྡུས་པའི་དུས་ཀྱི་གཏམ་ཡིན་གྱི། གསུངས་པ་ནི་སྔོན་ཉིད་དུའོ་ཞེས་ཟེར་རོ། །རྣལ་འབྱོར་མ་རྒྱུད་བདེ་མཆོག་འཁོར་ལོ་ནི། སྔར་ཉིད་དུ་གསུངས་པར་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་ལས་ཆོས་ཀྱི་རྣམ་གྲངས་འདི་ནི་ཐོག་མ་མེད་པའི་རྒྱུ་ཅན་ཡིན་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལས་སྔ་བ་ཉིད་དུ་གནས་སོ། །དུས་ཀྱི་དབང་གིས་བསྲེག་པའི་བསྐལ་པ་ལགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནུབ་པ་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སླར་ཡང་གསུངས་པ་ཡིན་ནོ། །དཔལ་བདེ་མཆོག་ནི་དེ་ལྟ་མ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་དུ་མ་བརྗོད་དུ་མེད་པ་ན་དཔའ་བོ་དང་དཔའ་མོ་ལགས་པས་ཉམས་སུ་བླངས་ཏེ་གནས་པའི་ཕྱིར་མ་ནུབ་པོ་ཞེས་བཤད་པ་ལྟ་བུའོ། །སློབ་དཔོན་རྡོ་རྗེས་མཛད་པའི་བདེ་མཆོག་ཉུང་ངུའི་རྒྱུད་ཀྱི་འགྲེལ་པ་ལས། བདེ་མཆོག་ཉུང་ངུའི་རྒྱུད་ཀྱི་དབང་དུ་མཛད་ནས་དུས་གཉིས་ལྡན་གྱི་དུས་སུ་དྲག་པོ་འཇིགས་བྱེད་བཏུལ་བའི་ཚེ། གནས་འཛམ་བུའི་གླིང་གྲུ་གསུམ་ན་བཞུགས་ཏེ།

15a

༄༅།      །སྟོན་པ་སྤྲུལ་པའི་སྐུ་འབྲས་བུའི་ཧེ་རུ་ཀས་གདུལ་བྱའི་འཁོར་དྲག་པོ་འཇིགས་བྱེད་དང་། ཉན་པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སྤྲུལ་པའི་འཁོར་རིགས་ལྔའི་དཔའ་བོ་དང་དཔའ་མོ་དང་། སྡུད་པ་པོའི་འཁོར་ལྕང་ལོ་ཅན་གྱི་བདག་པོ་ལ། ཆོས་དབང་བསྐུར་བ་སྔོན་དུ་འགྲོ་བའི་རྣལ་འབྱོར་གསང་མཐའི་རྒྱུད་བསྟན་པར་བཤད་དོ། །    ༅༙ྂ   གཉིས་སུ་མེད་པའི་རྒྱུད་དུས་འཁོར་པའི་ལུགས་ཀྱིས་སྟོན་པས་གསུངས་ཚུལ་ལ་པད་མ་ཅན་ནས་བཅོམ་ལྡན་འདས་འཕགས་པའི་ཡུལ་དུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནས། ཤམ་བྷ་ལའི་ཡུལ་དུ་རྩ་བའི་རྒྱུད་གསུངས་སོ་ཞེས་པ་ནི་མི་འཐད་དེ། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་སྤྲུལ་པ་གཞན་གྱིས་བསྟན་པ་ཡིན་ན། ཟས་གཙང་གི་སྲས་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་ནས་བལྟམས་པའི་ཤཱཀྱ་ཐུབ་པ་རྒྱུད་ཀྱི་སྟོན་པ་པོ་དང་། མངལ་སྐྱེས་ཀྱི་ཟླ་བཟང་རྒྱུད་ཀྱི་ཞུ་བ་པོར་མི་རུང་བའི་རྩོད་པ་དང་ལན་ཐམས་ཅད་དོན་མེད་པར་འགྱུར་བའི་ཕྱིར་དང་། ཤམ་བྷ་ལའི་ཡུལ་དུ་རྩ་རྒྱུད་གསུངས་པར་འདོད་པ་ལ། རྩ་བའི་རྒྱུད་ལ། དེ་ནས་ཤམ་བྷ་ལར་གྲགས་ནས། །ཕྱག་ན་རྡོ་རྗེའི་སྤྲུལ་པ་ནི། །མི་བདག་ཟླ་བཟང་རྫུ་འཕྲུལ་གྱིས། །རང་ཉིད་དཔལ་ལྡན་ཆོས་དབྱིངས་བྱོན། །དང་པོར་གཡས་སུ་སྐོར་བྱས་ནས། །སྟོན་པའི་ཞབས་ཀྱི་ཆུ་སྐྱེས་གཉིས། །རིན་ཆེན་མེ་ཏོག་རྣམས་ཀྱིས་མཆོད། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་བ་བྱས་གྱུར་ནས། །རྫོགས་སངས་རྒྱས་ཀྱི་སྤྱན་སྔར་འདུག །ཟླ་བཟང་རྒྱུད་ཀྱི་གསོལ་འདེབས་དང་། །སྟོན་པ་སྡུད་པར་བྱེད་པ་པོ། །

15b

ཞེས་པ་དང་། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་ཕུང་དུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །གང་ལ་གང་གནས་སྟོན་པ་ནི། །སུ་ཡིས་རྒྱུད་ཀྱང་ཅི་ཞིག་བསྟན། །གནས་ནི་གང་དུ་འཇིག་རྟེན་པའི། །འཁོར་ནི་སུ་ཡིས་རྒྱུ་ཅི་ཡིས། །བྱ་རྒོད་ཕུང་པོ་རི་ཆེན་པོར། །ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་སྐུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །བྱང་ཆུབ་སེམས་དཔའ་སོགས་རྣམས་ཀྱིས། །ཐབས་གཅིག་དེ་བཞིན་གཤེགས་པ་བཞུགས། །ནམ་མཁའ་བེམས་(རླུང)་མིན་ཤིན་(མེ་)ཏུ་དང་། །གོ་(ཆུ་)སྐབས་མེད་པར་རབ་ཏུ་(ས་)གསལ། །སྣ་ཚོགས་རྡོ་རྗེའི་ཁང་པ་གནས། །ཆོས་ཀྱི་དབྱིངས་དང་ཡིད་འོང་བར། །རྒྱུད་བསྟན་སྐྱེས་བུ་རྣམས་ཀྱིས་ནི། །བསོད་ནམས་ཡེ་ཤེས་དགོས་པའོ། །ཞེས་གསུངས་སོ། །དེ་ནི་སྤྱིར་གསང་སྔགས་དེར་བསྟན་པ་ཡིན་གྱི། དུས་འཁོར་རྩ་རྒྱུད་ནི་མ་ཡིན་ནོ་སྙམ་ན། དེ་ནི་མ་ཡིན་ཏེ། མདོར་བསྡུས་དང་པོའི་འགྲེལ་པ་སྙིང་པོ་སྣང་བ་ལས། སྔོན་ཤམ་བྷ་ལའི་ཡུལ་ནས་རང་ཉིད་འོངས་ཏེ། ཟླ་བ་བཟང་པོ་ཉི་མའི་འོད་ཀྱི་ལྷ་མོ་རྣམ་པར་རྒྱལ་མའི་མངལ་ནས་བྱུང་བ་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་གྲོང་ཁྱེར་བྱེ་བ་ཕྲག་དགུ་ཅུ་རྩ་དྲུག་ན་གནས་པའི་རྒྱལ་པོ་རྣམས་ཀྱིས་རྗེས་སུ་བགྲོད་བཞིན་བས་དཔལ་འབྲས་ཕུང་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་བསྟན་པའི་ཆེད་དུ་དང་། སེམས་ཅན་མཐའ་དག་གི་ཉེ་བའི་སྐལ་བ་དང་ལྡན་པ་ཉིད་མཐོང་

16a

༄༅།       །ནས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་གསོལ་བ་བཏབ་པ་ནི་ཞེས་གསུངས་ཤིང་། མཚན་བརྗོད་འགྲེལ་པ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ་ལས་ཀྱང་། འདིར་ངེས་པར་དཔལ་ལྡན་འབྲས་ཕུང་རྒྱལ་བའི་མཆོག་རྟེན་ཆེན་པོར་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་སེང་གེ་ཞེས་བྱ་བ་ལ་རྒྱུད་སྣ་ཚོགས་པ་ཉན་པར་འདོད་པ་རྣམས་ཀྱིས་གསོལ་བ་བཏབ་པས། དཔྱིད་ཟླ་འབྲིང་པོའི་ཉ་ལ་དཔལ་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དང་དེའི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དང་པོའི་སངས་རྒྱས་རྣམ་པར་སྤྲོས་ནས། དེར་ཉི་མ་དེ་ཉིད་ལ་ལྷ་ལ་སོགས་པ་རྣམས་ལ་སངས་རྒྱས་ཀྱིས་དབང་བསྐུར་ནས་རྒྱས་པ་དང་བསྡུས་པའི་དབྱེ་བས་གསང་སྔགས་ཀྱི་ཚུལ་ཐམས་ཅད་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་འགྲེལ་པར་དེ་བཞིན་གཤེགས་པས་ཀྱང་ཆུ་བོ་ཤི་ཏའི་བྱང་ཕྱོགས་ཤམ་བྷ་ལ་སོགས་པའི་ཡུལ་རྣམས་ཀྱི་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པ་རྣམས་ཀྱི་སེམས་ཅན་རྣམ་པར་དག་པ་སྐལ་བ་དང་ལྡན་པ་ཉིད་དུ་གཟིགས་ནས་ཞེས་པ་དང་འགལ་ཞེ་ན། དེ་ནི་ཉན་པ་པོའི་འཁོར་ཤམ་བྷ་ལ་ལ་སོགས་པ་ནས་འོངས་པ་རྣམས་ཀྱིས་སྐལ་བ་གཟིགས་ནས་གསུངས་པར་བཤད་པ་ཡིན་གྱི། ཤམ་བྷ་ལའི་ཡུལ་དུ་བྱོན་ནས་གསུངས་པར་བཤད་པ་མེད་དོ། །ཡང་ཁ་ཅིག་འབྲས་ཕུང་དུ་སྐུ་མྱ་ངན་འདའ་ཁའི་ལོ་དེ་ལ་གསུངས་པ་ནི་མི་འཐད་དེ། འགྲེལ་པ་ལས་ས་གའི་ཉིའི་སྐྱ་

16b

རེངས་འཆར་ཁ་བའི་ཚེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཐེག་པ་གསུམ་བསྟན་པ་མཛད་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲཱི་དྷཱ་ན་ཀ་ཌ་ཀར་ཞེས་སངས་རྒྱས་པའི་ཟླ་བ་བཅུ་གཉིས་པ་ལ་བཤད་པའི་ཕྱིར་རོ། །ཟླ་བ་བཅུ་གཉིས་པ་ལོ་རེ་བཞིན་ཡོང་བས་སྐྱོན་མེད་དོ་སྙམ་ན། དེ་མི་རུང་སྟེ་ནག་པའི་ཟླ་བ་ནི། སྤྱིར་ཟླ་བ་དང་པོ་ཡིན་པའི་ཕྱིར་རོ། །འོ་ན་ལོ་འདི་ནས་ནི་དྲུག་བརྒྱའི་ལོས་ཞེས་པ་དང་། ཡེ་ལེ་ལས་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ན། ཞེས་བཤད་པ་དང་འགལ་ཞེས་ན་སྐྱོན་མེད་དེ། དེ་ནི་མྱ་ངན་འདས་ཡན་ཆད་ཆོས་བསྟན་པ་ཡིན་བས། ཆོས་བསྟན་ཟིན་པའི་ལོ་ནས་དྲུག་བརྒྱ་དང་། མྱ་ངན་ལས་འདས་ནས་དྲུག་བརྒྱ་གནད་གཅིག་ཏུ་གསུངས་པའམ། ཡང་ན་འཕགས་པའི་ཡུལ་དུ་ཆོས་ཕྱི་མ་རྣམས་སྟོན་པའི་བར་ཐམས་ཅད་ཀྱི་ཚེ། འབྲས་ཕུང་དུ་རྒྱུད་བསྟན་པའམ། ཡང་ན་འདི་ཚིག་མ་འོངས་པ་ལ་འཇུག་པས་མ་འོངས་པས་ཆོས་བསྟན་ཟིན་པའི་ལོ་འདི་ནས་ཞེས་དགོངས་པ་ཡིན་པས་སྐྱོན་མེད་དོ། །དེས་ན་རང་ལུགས་ནི་དུས་སངས་རྒྱས་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ། གནས་དཔལ་ལྡན་འབྲས་ཕུང་གི་མཆོད་རྟེན་གྱི་ནང་དུ། སྟེང་འོག་ཏུ་རྒྱང་གྲགས་ལྷག་པའི་དཔག་ཚད་དྲུག་ཡོད་པར། འོག་ཏུ་ཆོས་དབྱིངས་གསུང་དབང་གི་དཀྱིལ་འཁོར་དང་། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲོས་ཏེ། བདེ་བ་ཆེན་པོའི་གནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར། རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་ནས། སྟོན་པ་ཤཱཀྱ་ཐུབ་པ་དུས་ཀྱི་འཁོར་ལོའི་

17a

༄༅།       །ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པས། དཀྱིལ་འཁོར་ལ་བཀོད་པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་། ལྷ་དང་ཀླུ་དང་། ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཉན་པ་པོའི་འཁོར་རྒྱལ་པོ་དགུ་བཅུ་རྩ་དྲུག་ལ་སོགས་པ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་དང་། ཞུ་བ་པོའི་འཁོར་ཟླ་བ་བཟང་པོས་གསོལ་པ་བཏབ་པ་ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བྱིན་ནས། ལྷ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་སངས་རྒྱས་ཉིད་དུ་ལུང་བསྟན་ཏེ། ཆོས་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་བཀའ་སྩལ་ཏོ། །མདོར་བསྡུས་དང་པོའི་འགྲེལ་པར་རྩ་བའི་རྒྱུད་ཀྱི་ལུང་དྲངས་པ་ལས། སྟོན་པ་གོའུ་ཏམ་སྟོན་པའོ། །གནས་ནི་དཔལ་ལྡན་ཆོས་ཀྱི་དབྱིངས། །འཁོར་ནི་བྱང་ཆུབ་སེམས་དཔའ་སོགས། །མི་བདག་ཟླ་བཟང་ཞུ་བ་པོ། །རྒྱུད་བསྟན་པ་ནི་མི་རྣམས་ཀྱི། །བསོད་ནམས་ཡེ་ཤེས་དགོས་པ་ཅན་ཞེས་སོ། །