བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༣. གནས་པའི་ཚུལ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༣. གནས་པའི་ཚུལ།)

གསུམ་པ་གནས་པའི་ཚུལ་ནི། གསང་འདུས་ཀྱི་འགྲེལ་པ་སྒྲོན་གསལ་ལས། ཇི་སྲིད་འཇིག་རྟེན་དུ་ཆོས་གནས་པ་དེ་སྲིད་ཀྱི་བར་དུ་རྡོ་རྗེ་ཐེག་པ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ལུང་ལ་བརྟེན་ནས་ཞེས་གསུངས་པས་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་རྡོ་རྗེ་ཐེག་པའང་གནས་པར་གསུངས་སོ། །ཞལ་ལུང་ལས་ཀྱང་། འདི་དོན་རྣམ་པར་འཕོ་བྱེད་པ། །

18b

གང་གི་དུས་སུ་གནས་པ་དེར། །སངས་རྒྱས་བསྟན་པ་རིན་ཆེན་ཡང་། །གནས་པར་རབ་ཏུ་བཤད་པ་ཡིན། །བརྒྱུད་པའི་རིམ་པ་འདི་ཆད་ནས། །སངས་རྒྱས་བསྟན་པ་ནུབ་པ་རུ། །ཀུན་གྱིས་རབ་ཏུ་ཤེས་པར་བྱ། །ཞེས་དང་། དུས་འཁོར་པའི་ལུགས་ཀྱིས། ས་དུམ་བུ་བཅུ་གཉིས་སུ་བསྟན་པ་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གནས་ཤིང་། དེ་ལ་རྫོགས་ལྡན་ལྔ་སྟོང་བཞི་བརྒྱ། དེ་བཞིན་དུ་གསུམ་ལྡན་གཉིས་ལྡན་རྩོད་ལྡན་རྣམས་ལྔ་སྟོང་བཞི་བརྒྱ་རེ་གསུངས་ཤིང་། གླིང་བཅུ་གཉིས་པོ་སོ་སོར་བགོས་པས་གླིང་རེ་རེའི་ཐུན་མོང་མ་ཡིན་པའི་བསྒོས་སྒལ་སྟོང་བརྒྱད་བརྒྱ་རེ་གནས་པར་གསུངས་སོ། །