བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༢. སྡེ་སྣོད་ཀྱི་སྒོ་ནས་དབྱེ་བ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༢. སྡེ་སྣོད་ཀྱི་སྒོ་ནས་དབྱེ་བ།)

གཉིས་པ་ལ་ཆོས་ཐམས་ཅད་བསྡུ་ན་སྡེ་སྣོད་གསུམ་མམ་བཞིར་འདུ་སྟེ། གསུམ་ནི་མདོ་སྡེ། འདུལ་བ། མངོན་པའོ། །དེ་ལ་གསང་སྔགས་ནི་ཟབ་མོའི་དོན་བསྡུས་ཏེ་སྟོན་པས་མདོ་སྡེའོ། །ཞེས་ཤན་ཏི་པ་བཞེད་ཅིང་། དཔུང་བཟང་ལས་ཀྱང་གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱི་ཉོན་ཞེས་པ་དང་། མདོ་སྡེ་འདི་ནི་ཉན་བྱེད་ན་ཞེས་དང་རྒྱུད་མང་པོ་ལ་མདོ་ཞེས་བཤད་པའི་ཕྱིར་རོ། །སློབ་དཔོན་ཨ་བྷ་ཡས་ནི་སྔགས་ཀྱིས་བསླབ་པ་གསུམ་ཀ་སྟོན་པས་སྡེ་སྣོད་

19a

༄༅།       །གསུམ་ཀའོ་ཞེས་བཞེད་དོ། །སྡེ་སྣོད་བཞིར་བྱེད་ན་རྒྱུད་སྡེ་ནི་རིག་པ་འཛིན་པའི་སྡེ་སྣོད་ཅེས་ཏེ་སྡེ་སྣོད་བཞི་པར་ཨརྱ་དེ་བ་བཞེད་ཅིང་། དཔུང་བཟང་ལས་ཀྱང་། ལྷ་དང་ལྷ་མིན་རྣམས་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིགས་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས་ཞེས་སོ། །རྒྱུད་རྫུན་མ་བྱེད་པ་ཁ་ཅིག་གསང་སྔགས་ནང་གི་མངོན་པ་ཡིན་ཞེས་འདོད་པ་ཡང་ཡོད་དོ། །