བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
དང་པོ། རྡོ་རྗེ་ཐེག་པ་སངས་རྒྱས་ཀྱི་བཀར་བསྒྲུབ་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(དང་པོ། རྡོ་རྗེ་ཐེག་པ་སངས་རྒྱས་ཀྱི་བཀར་བསྒྲུབ་པ།)

དང་པོ་ནི་ཁ་ཅིག་གསང་སྔགས་ཀྱི་ཐེག་པ་སངས་རྒྱས་ཀྱིས་གསུངས་པའི་བཀའ་མ་ཡིན་ནོ་སྙམ་ན། དེ་ནི་མི་རིགས་ཏེ་མྱ་ངན་ལས་འདས་པའི་མདོ་ལས། བསྟན་བཅོས་སམ་རིག་སྔགས་སམ་གསང་སྔགས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་གསུངས་ཤིང་། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཀྱང་བྱང་ཆུབ་སེམས་དཔའ་དྲུག་ཅུ་མ་འོངས་པའི་དུས་ན། བསྟན་བཅོས་དང་གསང་སྔགས་ལ་མཁས་པ་འབྱུང་བར་འགྱུར་ཞེས་པ་དང་། གསང་བ་ལུང་བསྟན་པའི་མདོ་ལས་ཀྱང་། རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས། །འཁོར་ལོ་ཤིན་ཏུ་བསྐོར་བྱས་ནས། །ཞེས་སོགས་སྔར་བཞིན་གསུངས་པས་ཕྱི་མཚན་ཉིད་ཀྱི་ལུང་གིས་ཀྱང་གསང་སྔགས་བཀར་གྲུབ་པོ། །རིགས་པས་ཀྱང་གྲུབ་སྟེ། དེ་ཁོ་ན་ཉིད་གྲུབ་པ་ལེགས་པར་ཤེས་པར་བྱའོ། །