བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
གཉིས་པ། སྔགས་མཚན་ཉིད་ཀྱི་ཁྱད་པར་བསྟན་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(གཉིས་པ། སྔགས་མཚན་ཉིད་ཀྱི་ཁྱད་པར་བསྟན་པ།)

གཉིས་པ་ནི་སློབ་དཔོན་ཛྙཱ་ན་ཤྲཱིས་མཛད་པའི་རྡོ་རྗེ་ཐེག་པའི་མཐའ་གཉིས་སེལ་བ་ལས་སྔགས་མཚན་ཉིད་ཀྱི་ཁྱད་པར་བཅུ་གཅིག་གསུངས་ཏེ། དམིགས་པ་བླ་ན་མེད་པ་ལ་དམིགས་པའི་ཐབས་དང་། སྒྲུབ་པ་བླ་ན་མེད་པ་དང་། ཡེ་ཤེས་བླ་ན་མེད་པ་དང་། བརྩོན་འགྲུས་བླ་ན་མེད་པ་དང་། གདུལ་བྱ་མ་ལུས་པ་འཛིན་པར་ནུས་པ་དང་། ཉོན་མོངས་པ་བྱིན་གྱིས་རློབ་པ་དང་། བྱིན་གྱིས་བརློབ་པ་མྱུར་བ་དང་། མྱུར་དུ་འབྱུང་བ་དང་། ཉོན་མོངས་པ་སྤོང་བ་དང་། བསམ་པ་བླ་ན་མེད་པ་དང་། སྤྱོད་པ་བླ་ན་མེད་པའི་ཐབས་མཁས་པ་ཏེ། དེ་ལྟར་ཐབས་ལ་མཁས་པ་ཉིད་རྣམ་པ་བཅུ་གཅིག་གིས་ཁྱད་པར་དུ་འཕགས་སོ་ཞེས་གསུངས་སོ། །ཚུལ་གསུམ་གྱི་སྒྲོན་མ་ལས་ཀྱང་། དོན་

20a

༄༅།       །ཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་ཕྱིར་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །འདི་ལྟར་གཉིས་སུ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པར་བཤད་པའི་འབྲས་བུ་ནི། སྔགས་དང་ཕ་རོལ་ཕྱིན་པའི་ཐེག་པ་ཆེན་པོ་གཉིས་ལ་ཁྱད་པར་མེད་པ་ཡིན་མོད་ཀྱི་འོན་ཀྱང་རབ་ཏུ་དབྱེ་བ་བཞི་པོ་འདི་དག་གིས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ལས་སྔགས་ཀྱི་ཐེག་པ་ཆེན་པོ་ཁྱད་པར་དུ་འཕགས་པ་ཉིད་ཡིན་ནོ་ཞེས་གསུངས་སོ། །དེ་ལ་མ་རྨོངས་པའི་ཁྱད་པར་ནི་མགོ་བོ་ལ་སོགས་པ་སྦྱིན་པ་ཕྱིའི་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ནི་མཆོག་མ་ཡིན་གྱི། ཐབས་ཤེས་རབ་དབྱེར་མེད་ཀྱི་ཏིང་ངེ་འཛིན་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་ནི་ཕར་ཕྱིན་དྲུག་ལ་མ་རྨོངས་པའི་ཁྱད་པར་ཏེ། དེ་ཉིད་ལས། མཁས་པ་སྙིང་རྗེ་ཆེར་ལྡན་པ། །དཔྱད་དེ་ཐབས་ཀྱི་མཆོག་ལེན་ཅིང་། །ཐ་མལ་པ་ཡི་ཐབས་སྨད་ནས། །མི་འཕོ་བ་ཡི་གནས་ཐོབ་པོ་ཞེས་སོ། །ཐབས་མང་བ་ནི། དང་པོར་མེ་ཏོག་བབས་པ་ལ་སོགས་པའི་སྒོ་ནས་རིགས་ངེས་པར་བྱས་ནས། ཕྲ་བ་སེམས་དང་སེམས་བྱུང་ཐམས་ཅད་ལྷའི་རང་བཞིན་དུ་བསྒོམས་ནས་མཆོད་པ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་དང་། དེ་མི་ནུས་པ་ངག་གིས་སྤྲོས་པ་མངོན་པར་ཞེན་པ་ལ་རགས་པ་སྔགས་ཀྱི་བཟླས་པ་སྟོན་པ་གསུང་རྡོ་རྗེའི་ཏིང་ངེ་འཛིན་དང་། རགས་པའི་ཡུལ་ལ་མངོན་པར་ཞེན་པ་ཕྲ་བ་ལ་སྦྱོར་མི་ནུས་པ་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྟོན་པ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་མཐའ་བྲལ་ཡང་དག་པའི་དོན་མཐོང་ན་གྲོལ་བར་འགྱུར་བའི་ཕྱིར་ཐབས་དེ་རྣམས་རྒྱུད་སྡེ་བཞིར་སྤྲོས་ནས་གསུངས་

20b

ཏེ། དེ་ཉིད་ལས། སེམས་ཅན་ཀུན་དོན་ལེགས་གྲུབ་ཕྱིར། །བློ་ཆེན་ལ་ནི་ཐབས་ཐམས་ཅད། ། དབྱེ་བ་རྣམ་བཞིར་ཚུལ་གྱིས་མཆོག །འགྲོ་བའི་སྟོན་པས་གསུངས་པ་ཡིན། །ཞེས་སོ། །དཀའ་བ་མེད་པ་ནི། སེམས་ཅན་གང་དང་གང་ཡུལ་དུས་གང་དུ་ཇི་ལྟར་མངོན་བར་འདོད་པར་འགྱུར་བ་དེ་དང་དེ་ཉིད་ལ་ངེས་པར་སྦྱོར་ཞིང་། ཐབས་བདེ་བ་ཉིད་ཀྱིས་བྱང་ཆུབ་ཐོབ་པར་མཛད་པ་སྟེ། འཆིང་བྱེད་ཉིད་ཐབས་ཀྱི་གྲོལ་བྱེད་དུ་འགྱུར་བ་དང་། དབང་པོའི་དབྱེ་བས་ཕྱག་རྒྱ་ཆེན་མོ་དང་ཡེ་ཤེས་དང་ལས་དང་དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་ནས་དཀའ་བ་སྤྱད་པ་མེད་པར་བྱང་ཆུབ་ཐོབ་པའི་ཕྱིར་ཏེ་དེ་ཉིད་ལས། གང་ཞིག་གང་དུ་ཇི་ལྟར་འདོད། །དེ་ཉིད་དེ་ལ་ངེས་སྦྱོར་ཞིང་། །འདོད་པའི་དོན་ཐོབ་མཛད་པ་ཡི། །དམ་པའི་དོན་ནི་ཐུབ་པས་གསུངས་ཞེས་སོ། །དབང་པོ་རྣོན་པོའི་དབང་དུ་བྱས་པ་ནི། ཉན་རང་གི་དབང་པོ་རྟུལ་པོ་ཡིན་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་ཐབས་ལ་འཁྲུལ་པའི་ཕྱིར་དབང་པོ་འབྲིང་པོ་ཡིན་ལ། གསང་སྔགས་པ་ནི་གཞན་གྱིས་བྱས་ན་དམྱལ་བར་འགྲོ་བའི་ལས་ཀྱང་། ཐབས་མཁས་པས་བྱང་ཆུབ་ཀྱི་རྒྱུར་སྒྱུར་བར་བྱེད་པས་ཐབས་ལ་གང་དུའང་རྨོངས་པ་མེད་པའི་ཕྱིར་དབང་པོ་རྣོན་པོ་སྟེ། ཨཱརྱ་དེ་བས། དམན་པ་རྣམས་ནི་གཟུགས་ལ་ཆགས། །བར་པ་རྣམས་ནི་ཆགས་བྲལ་འགྱུར། །གཟུགས་ཀྱི་རང་བཞིན་ཤེས་པ་ཡི། །མཁས་པ་རྣམས་ནི་རྣམ་པར་གྲོལ་ཞེས་སོ། །ཡང་ཐབས་མྱུར་བ་དང་སླ་བ་དང་མང་བ་དང་མཁས་པས་ཞེས་བྱ་བ་བཞི་ཡིས་ཁྱད་པར་དུ་འཕགས་པ་ཛྙཱ་ན་ཤྲཱིས་མཐའ་གཉིས་སེལ་བར་གསུངས་ཏེ། དེ་ལ་མྱུར་བའི་ཁྱད་པར་ནི། ཕ་

21a

༄༅།       །རོལ་ཏུ་ཕྱིན་པ་བས་བསྐལ་པ་གྲངས་མེད་སུམ་ཅུ་རྩ་གསུམ་དང་གསུམ་ལ་སོགས་པར་ཚོགས་བསགས་པས་སངས་རྒྱ་བར་གསུངས་ལ། སྔགས་ཀྱི་ནི་སྐྱེ་བ་བཅུ་དྲུག་དང་བདུན་དང་ཚེ་གཅིག་ལ་སོགས་པར་དབང་པོ་ཐ་མ་དང་འབྲིང་དང་མཆོག་གིས་འགྲུབ་སྟེ། གསང་བ་འདུས་པ་ལས། འདི་ཡིས་ཆོས་ཀྱི་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོས་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་གསུངས་ཤིང་། སྐྱེ་བ་བདུན་ལ་འགྲུབ་པར་གསང་བའི་རྒྱུད་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེའི་སྐྱེ་བ་བདུན་ན་ནི། །མ་བསྒོམས་པར་ཡང་དངོས་གྲུབ་ཐོབ་ཅེས་སོ། །བཅུ་དྲུག་ན་འགྲུབ་པའང་། དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ་ཅེས་གསུངས་སོ། །དེ་ལྟར་འགྲུབ་པ་དེ་དག་གང་ཟག་མཆོག་ལ་དགོངས་པ་མ་ཡིན་ནམ། སོ་སོའི་སྐྱེ་བོ་རྣམས་ཀྱིས་འགྲུབ་བམ་སྙམ་ན་འགྲུབ་སྟེ། རྡོ་རྗེ་རྩེ་མོ་ལས། བསྐལ་པ་གྲངས་མེད་པ་རུ་བྱུང་། །ས་ཡི་ཕ་རོལ་ཕྱིན་པ་མཆོག །གང་ཕྱིར་གསང་བ་མཐོ་བ་ཐོབ། །རབ་ཏུ་དགའ་བ་སྒྲུབ་པར་འགྱུར། །གལ་ཏེ་རྣལ་འབྱོར་པ་དེ་བརྩོན། །ཚེ་འདི་ལ་ནི་མྱ་ངན་འདས། །རབ་ཏུ་དགའ་བའི་ས་ཐོབ་ཅིང་། །རྡོ་རྗེ་ཉིད་ནི་ཐེ་ཚོམ་མེད། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདས། །རབ་ཏུ་དགའ་བ་ཐོབ་པའམ། །ཡང་ན་རྡོ་རྗེ་ཉིད་ཀྱང་ངོ་། །ས་ལ་ཉི་ཟླ་ལྟུང་བྱེད་ཅིང་། །དེ་ནི་ནམ་མཁའི་རང་བཞིན་འགྱུར། །སོ་སོ་སྐྱེ་བོས་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ཏེ་གཞན་

21b

དུ་མིན་ཞེས་གསུངས་སོ། །དེ་ལ་ཚེ་འདི་ཉིད་ལ་འགྲུབ་པ་ནི། དྲི་མེད་འོད་ལས། སྐྱེ་བ་འདི་མིའི་སྐྱེ་བ་ལ་སངས་རྒྱས་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོའོ། །ལྷ་ལ་སོགས་པ་འགྲོ་བ་ལྔའི་སྐྱེ་བ་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ལས་ཀྱིས་མ་ཡིན་བར་སྐྱེས་པའི་ཕྱིར་རོ། །ཞེས་གསུངས་པས་ཁམས་དྲུག་ལྡན་པའི་སྐྱེས་བུ་ཆེན་པོ་ཚོགས་གཉིས་དང་ལྡན་པའི་སྐྱེ་བ་ལ་སངས་རྒྱས་འགྲུབ་པར་བཤད་དེ། རྡོ་རྗེ་སྙིང་འགྲེལ་ལས། སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་སྟེར་ཞེས་བྱ་བ་ནི། ཡང་དང་ཡང་དུ་མིའི་སྐྱེ་བ་བླངས་ནས་འགྲུབ་པ་ལ་བྱའི་ལྷ་དང་ལྷ་མ་ཡིན་ལ་སོགས་པ་ནི་མ་ཡིན་ནོ་ཞེས་གསུངས་སོ། །འདི་ལ་སློབ་དཔོན་དཔལ་དབྱངས་ལ་སོགས་པའི་བཞེད་པས། གསང་སྔགས་སྤྱོད་པའི་ཆོ་ག་ཡིས། །ཚེ་ལ་དབང་བའི་རིག་འཛིན་ཐོབ། །རིག་པ་འཛིན་པའི་ཚེ་ཉིད་ཀྱིས། །སངས་རྒྱས་འགྲུབ་པར་བཤད་པ་ཡིན། །ཞེས་གསུངས་པས་དང་པོར་བཅུད་ལེན་ལ་སོགས་པས་ཚེ་དཔག་ཏུ་མེད་པ་བསྒྲུབས་ནས། དེ་ནས་ལམ་བསྒོམས་ཏེ་སངས་རྒྱ་བར་བཞེད་དེ། རྡོ་རྗེ་མཁའ་འགྲོ་ལས། བཅུད་ལེན་གྲུབ་པར་གྱུར་པའི་ཚེ་འགྲུབ་བོ། །ཞེས་གསུངས་ལ། གསང་བ་འདུས་པ་ལས། བྱང་ཆུབ་སེམས་ནི་རྒྱལ་རྒྱ་མཚོ། །རྡོ་རྗེ་སེམས་དཔའི་ཚེ་དེས་ཐོབ་ཅེས་དང་། དེའི་འགྲེལ་པ་སྒྲོན་གསལ་དུ་རྡོ་རྗེ་སེམས་དཔའི་ཚེ་ནི་ནད་མེད་པ་དང་། འཚོ་བ་དང་ལྡན་པ་དང་བར་ཆད་མེད་པའོ་ཞེས་གསུངས་པ་དང་འཐུན་ནོ། །ཁ་ཅིག་ན་རེ་སྐྱེ་བ་ཅིག་ལ་འགྲུབ་ཅེས་པ་དེ་སངས་རྒྱས་དངོས་འགྲུབ་པ་མ་ཡིན་གྱི། བརྩོན་འགྲུས་ཀྱི་སྟོབས་ཀྱིས་མཐོང་ལམ་འཐོབ་ཏུ་རུང་བ་ཡིན་ལ། དེ་ནས་སངས་རྒྱས་ཚེགས་མེད་དུ་ཐོབ་པ་ལ་དགོངས་པ་ཡིན་ནོ་ཞེས་ཟེར་རོ། །

22a

༄༅།       །ཡང་གང་ཟག་ཚེ་དེ་ལ་གྲུབ་པར་མ་གྱུར་པ་རྩེ་གཅིག་ཏུ་བསྒོམས་པར་མ་ནུས་པས་འཕོ་བའི་མན་ངག་གིས་འཆི་ཁར་འགྲུབ་སྟེ། སམ་པུ་ཊི་ལས་ཚིག་དགུ་ལས་ནི་ཡར་བཏེག་ནས། །མོད་ལ་འཕོ་བར་ཤེས་པར་བྱ། །ཉིན་རེ་བྲམ་ཟེ་གསོད་པ་དང་། །འཚམས་མེད་ལྔ་ནི་བྱེད་པ་དང་། །རྐུ་འཕྲོག་གིས་ནི་ལྟོ་འབྱིད་པའམ། །ལམ་འདི་ཡིས་ནི་དག་གྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་ཞིང་། །སྲིད་པའི་སྐྱོན་ལས་རིང་དུ་འགྲོ། །འདི་ལྟར་འདམ་ནས་སྐྱེས་པ་ཡི། །པད་མ་དྲི་མེད་ཡིད་འོང་བ། །དེ་བཞིན་ལུས་ཀྱི་འདམ་ལས་ནི། །ཡེ་ཤེས་སྐུ་ནི་འདོད་བཞིན་འགྲོ་ཞེས་སོ། །གལ་ཏེ་འཕོ་བས་མཆོག་མ་གྲུབ་ན་རིག་འཛིན་གྲུབ་ཅིང་། དེ་ནས་མཆོག་འགྲུབ་པར་གསུངས་ཏེ་འཇམ་དཔལ་ཞལ་ལུང་ཆེན་མོ་ལས། གལ་ཏེ་སྐུ་གསུམ་མ་གྲུབ་ན། །རིག་པ་འཛིན་པའི་གཙོར་འགྱུར་ཏེ། །རིམ་གྱིས་ཕྱག་རྒྱ་ཆེན་པོར་འགྱུར། །བསྡུས་རྒྱུད་ལས་ཀྱང་ཟུང་གི་རླུང་དག་འགག་པ་ན་ནི་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར། དེ་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར་ཞེས་སོ། །ཡང་འཕོ་བ་དང་བར་དོའི་མན་ངག་ལ་བརྟེན་ནས་འཆི་ཁ་འོད་གསལ་ཆོས་སྐུ་ལས་བར་དོ་ཟུང་འཇུག་ལོངས་སྐུར་བཞེངས་ནས་སྐྱེ་བ་སྤྲུལ་སྐུ་འགྲུབ་པར་གསུངས་ཏེ་ཞལ་ལུང་ཆེན་མོ་ལས། བདག་སེམས་དབྱིངས་སུ་ཞུགས་པའི་ཚེ། །གསལ་ཞིང་རབ་དགའ་མཁའ་འདྲ་རྟོགས། །དེ་ནས་རྫུ་འཕྲུལ་ཤུགས་ལྡན་བའི། །ལོ་ལྔ་ལོན་པའི་བྱིས་པའི་གཟུགས། །

22b

འགྲུབ་ཚེ་དཔེ་མེད་བདེ་རྫོགས་རྟོགས། །དེ་ལས་སྐྱེ་གནས་གཞན་དུ་ནི། །འཕེན་པར་བྱེད་ཚེ་སྤྲུལ་པའི་གཟུགས། །ཡང་དག་ཏུ་ནི་རྟོགས་པར་འགྱུར། །ཞེས་པ་དང་། དེའི་འགྲེལ་པ་ལས། བདག་སེམས་དབྱིངས་སུ་ཞུགས་པའི་ཚེ་ཞེས་པ་ནི་ཁྱབ་པར་བྱེད་པ་གནས་ལས་གཡོས་པའི་ཚེ་ན། རྣམ་པར་རྟོག་པ་ཐམས་ཅད་བྲལ་བའི་བདེ་བའི་རོ་མྱོང་བས་དེའི་དུས་སུ་ཆོས་ཀྱི་སྐུ་གསལ་ཞིང་རབ་དགའ་མཁའ་འདྲ་རྟོགས་ཤེས་སོ། །སེམས་ཀྱི་རང་བཞིན་མ་ཤེས་པའི་ལས་སུ་སྨྲ་བས་དེ་ལ་ཤི་བའི་སྲིད་པ་ཞེས་འདོགས་པར་བྱེད་དོ། །དེ་ཕྱིན་ཆད་ཉི་མ་བདུན་ལ་སོགས་པའི་དུས་སུ་ལས་སུ་སྨྲ་བས་བར་མ་དོར་འདོགས་པར་བྱེད། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ་བྱིས་པ་ལོ་ལྔ་ལོན་པ་ཙམ་དུ་གནས་ཤིང་། རྡོ་རྗེས་ཀྱང་མི་བཟློག་པ་དྲི་ཟའི་ཟས་ལ་ལོངས་སྤྱོད་པ་དེ་འགྲུབ་པའི་ཚེ་ན་གོང་གི་རྐྱེན་གྱིས་དཔེ་མེད་བདེ་རྫོགས་རྟོགས་ཞེས་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་དོ། །དེ་ལས་ལས་སུ་སྨྲ་བ་རྣམས་ཀྱིས་སྐྱེ་གནས་གཞན་དུ་འཕེན་པར་བྱེད་ཚེ་ཞེས་པ་ནི་སྲིད་པ་གཉིས་ཀྱིས་བསྡུས་པའི་ཆོས་འགྲུབ་པའི་ཚེ་ན་སྤྲུལ་པའི་གཟུགས། ཡང་དག་ཏུ་ནི་རྟོགས་པར་འགྱུར་ཞེས་སོ། །དེ་བཞིན་དུ་ཨཱརྱ་དེ་བས་སྤྱོད་པ་བསྡུས་པའི་སྒྲོན་མ་ལས་ཀྱང་ཤིན་ཏུ་གསལ་བར་གསུངས་ཏེ། མངས་པས་འཇིགས་པས་མ་བྲིས་སོ། །ཡེ་ཤེས་ཐིག་ལེ་ལས་ཀྱང་། བློ་གྲོས་ཆེའང་ཐེག་གཞན་གྱིས། །གྲངས་མེད་གསུམ་གྱི་སངས་རྒྱས་ཡིན། །སྔགས་ཀྱི་ཐེག་པ་ལ་མོས་ན། །ཚེ་འདི་ལ་ནི་སངས་རྒྱས་སོ། །ཡང་ན་རྡོ་རྗེ་འཛིན་པ་ཉིད། །རྣལ་འབྱོར་མ་ཁྱོད་སྨོས་ཅི་དགོས། །ཡང་ན་ལུས་ནི་སྤངས་མ་

23a

༄༅།        །ཐག །བླ་ན་མེད་པའི་ཡེ་ཤེས་དང་། །བརྩོན་པར་མི་ལྡན་པས་ཀྱང་རྙེད། །བརྩོན་འགྲུས་ལྡན་བས་སྨོས་ཅི་དགོས་ཤེས་སོ། །བླ་མ་གོང་མའི་ཞལ་ནས། སངས་རྒྱ་བ་ལ་ཁམས་དྲུག་ལྡན་གྱི་སྐྱེས་བུ་ཆེན་པོའི་གང་ཟག་རྟེན་དུ་དགོས་པས་བར་དོར་མཆོག་འགྲུབ་པ་ནི་སངས་རྒྱས་དངོས་མ་ཡིན་གྱི་ཐུན་མོང་གི་མཁའ་སྦྱོད་ལ་སོགས་པ་འགྲུབ་པ་ལ་དགོངས་པ་ཡིན་ནོ་ཞེས་ཀྱང་གསུང་ངོ་། །སྐྱེ་བ་བརྒྱུད་ནས་འགྲུབ་པ་ནི་བརྩོན་འགྲུབ་དང་མི་ལྡན་བ་ལྟུང་བ་མེད་པ་མི་དགེ་བ་བཅུ་དང་བྲལ་བ་དག་བག་ཆགས་དང་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བ་བཅུ་དྲུག་གམ་བདུན་ན་འགྲུབ་སྟེ་བསྡུས་རྒྱུད་ལས། རྫུ་འཕྲུལ་ཀུན་མཁྱེན་པ་དང་སྲིད་གསུམ་བླ་མ་ཉིད་ན་རྣལ་འབྱོར་རྣམས་ཀྱིས་སྐྱེ་བ་འདི་ལས་ཏེ། གལ་ཏེ་ལམ་ཏུ་རབ་ཞུགས་འཆི་བར་འགྱུར་ན་དེ་ཚེ་དེའི་འཛིན་པས་སྐྱེ་བ་གཞན་ལའོ་ཞེས་སོ། །ལམ་འདི་འགྲུབ་པའི་ཡན་ལག་ནི་སྨོན་ལམ་གཙོ་བོར་གྱུར་པའི་དམ་ཚིག་དང་སྡོམ་པ་ཡིན་ནོ་ཞེས་གསུང་ངོ་། །ཐབས་སླ་བ་དང་མང་པོ་དང་མཁས་པ་ནི་སྔར་གྱི་རིགས་པས་ཤེས་སོ། །དེ་ལ་མཚན་ཉིད་ཀྱི་ཐེག་པ་ནི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་བའི་སྟོང་པ་ཉིད་གཙོ་བོར་སྟོན་པས་རྒྱུའི་ཐེག་པ་ཞེས་བྱ། སྔགས་ནི་མི་འགྱུར་བའི་བདེ་བ་ཆེན་པོ་གཙོ་བོར་སྟོན་པས་འབྲས་བུའི་ཐེག་པ་ཞེས་བྱ་སྟེ་ནང་གི་ལེའུར་ཡང་རིག་པ་ནང་གི་རིག་པ་དང་ནི་འགྱུར་མེད་ཀྱང་སྟེ་ཞེས་པའི་འགྲེལ་པར་དེ་ལྟར་གསུངས་ཤིང་། རྡོ་རྗེ་སྙིང་འགྲེལ་ལས། ཆོས་ཀུན་སྟོང་པ་ཉིད་དུ་ནི། །རྒྱལ་བས་གསུངས་

23b

པ་གནས་གཞི་ལ། །དེ་བས་གཞི་དེ་རྒྱུ་ཡིན་ཕྱིར། །དེ་ནས་སྨོན་ལམ་དབང་གིས་ནི། །དམིགས་པ་མེད་པར་འགྱུར་ཡིན་ཡང་། །སྙིང་རྗེའི་བདག་ཉིད་འབྲས་ཆེན་ཏེ། །ཞེས་གསུངས་སོ། །ཁ་ཅིག་ན་རེ་རྒྱུ་ལ་དཀའ་བ་སྤྱོད་པས་རྒྱུའི་ཐེག་པ་དང་། འབྲས་བུ་མྱུར་བ་དང་། རྒྱུ་འབྲས་ལྷུན་གྲུབ་ཏུ་མོས་པ་དང་། འབྲས་བུའི་རྣམ་པ་ཉིད་ལམ་དུ་བྱེད་པའི་ཕྱིར་འབྲས་བུའི་ཐེག་པ་ཞེས་ཟེར་རོ། །