(༡. མུ་སྟེགས་པ་རྗེས་སུ་བཟུང་བ་ལ་ལྟོས་ནས་རྒྱུད་སྡེ་བཞིར་གྲངས་ངེས་པ།)
དང་པོ་ནི་མུ་སྟེགས་གཏི་མུག་ཅན་ཚངས་པའི་རྗེས་སུ་འབྲང་ནས། གཙང་སྦྲ་དང་། སྦྱིན་སྲེག་དང་། ཁྲུས་དང་བསྙུང་གནས་ལ་སོགས་པའི་དཀའ་ཐུབ་ཆོས་སུ་སྨྲ་བའི་རིགས་ལ་མངོན་པར་ཞེན་པ་དེ་རྣམས་གདུལ་བའི་ཕྱིར་བྱ་བའི་རྒྱུད་གསུངས། ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲང་ནས་འཚེ་བ་ཆོས་སུ་སྨྲ་བ་རྣམས་
༄༅། །གདུལ་བའི་ཕྱིར་སྤྱོད་པའི་རྒྱུད་དྲག་པོའི་ལས་ཤས་ཆེར་སྟོན་པའི་རྒྱུད་གསུངས། འདོད་ཆགས་ཅན་དབང་ཕྱུག་ཆེན་པོ་ལ་ལྷར་འཛིན་པ། འདོད་ཆགས་དང་ཤ་ལྔ་བདུད་རྩི་ལྔ་ཟ་བ། ཁྱི་དང་བ་ལང་གི་བརྟུལ་ཞུགས་ལ་སོགས་པ་དེ་དག་གིས་གྲོལ་བར་ལྟ་བ་གདུལ་བའི་ཕྱིར་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་གསུངས། ཡང་རྐྱེན་མཉམ་པ་སྐབས་ཀྱི་སྟོབས་ཀྱིས་གསུམ་ཀའི་རྗེས་སུ་འབྲང་བའི་རིགས་སློབ་དཔོན་དེ་གང་སྟོན་པ་དང་ཕྲད་པས་དེ་དང་རྗེས་སུ་འཐུན་པར་སློབ་པ་དེ་དག་གདུལ་བར་བྱ་བའི་ཕྱིར་རྣལ་འབྱོར་གྱི་རྒྱུད་གསུངས་ཏེ། དེ་ཉིད་འདུས་པའི་དུམ་བུ་དང་པོར། འདོད་ཆགས་ཅན་རྗེས་སུ་བཟུང་པའི་ཕྱིར་ལྷ་ཆགས་པའི་ཉམས་ཅན་དང་དུམ་བུ་གཉིས་པར་ཞེ་སྡང་ཅན་རྗེས་སུ་བཟུང་བའི་ཕྱིར་ལྷ་ཁྲོ་བའི་ཉམས་ཅན་དང་། དུམ་བུ་གསུམ་པར་གཏི་མུག་ཅན་རྗེས་སུ་གཟུང་བའི་ཕྱིར་ལྷ་ཞི་བའི་ཉམས་ཅན་དང་། དུམ་བུ་བཞི་པར་སྣ་ཚོགས་པ་ལ་དགའ་བ་རྗེས་སུ་གཟུང་བའི་ཕྱིར་ལྷ་སྣ་ཚོགས་པའི་ཉམས་ཅན་རྣམས་བསྟན་པའི་ཕྱིར་རོ་ཞེས་རབ་འབྱོར་བསྐྱངས་དང་ཀུན་དགའ་སྙིང་པོ་ལ་སོགས་པ་རྣམས་བཞེད་དོ་ཞེས་བོད་ཀྱི་བླ་མ་རྣམས་གསུང་ངོ་། །