བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༤. དབང་པོའི་རིམ་པ་ལ་ལྟོས་ནས་རྒྱུད་སྡེ་བཞིར་གྲངས་ངེས་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༤. དབང་པོའི་རིམ་པ་ལ་ལྟོས་ནས་རྒྱུད་སྡེ་བཞིར་གྲངས་ངེས་པ།)

བཞི་པ་ནི། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་གསུངས་པས་གང་ཟག་དབང་པོ་ཐ་མ་བློ་དམན་པ་རྣམས་ཕྱིའི་བྱ་བ་ཁྲུས་ལ་སོགས་པ་ལ་དགའ་བ་ཡིན་ལ། དེའི་དོན་དུ་ཕྱིའི་བྱ་བ་སྟོན་པ་བྱ་བའི་རྒྱུད།

26b

གང་ཟག་དེ་བས་མཆོག །ཕྱི་ལུས་ངག་གི་བྱ་བ་དང་། ནང་ཏིང་ངེ་འཛིན་གཉིས་ག་ལ་སྤྱོད་པ་ལ་སྤྱོད་པའི་རྒྱུད། དེ་བས་ཀྱང་གང་ཟག་བློ་རྣོ་བ་ནང་ཏིང་ངེ་འཛིན་ཁོ་ན་ལ་གཙོ་བོར་སྤྱོད་པ་ལ་རྣལ་འབྱོར་གྱི་རྒྱུད། དེ་ལས་ཀྱང་། གང་ཟག་མཆོག་ཏུ་གྱུར་ཅིང་དབང་པོ་རྣོ་བ་ཏིང་ངེ་འཛིན་གྱི་ཁྱད་པར་གོང་ན་མེད་པ་ལ་སྤྱོད་པ་དེའི་དོན་དུ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་སོ། །ཡང་ཉོན་མོངས་རབ་འབྲིང་གི་བྱེ་བྲག་གིས་ཀྱང་རྒྱུད་སྡེའི་དབྱེ་བ་གསུངས་སྟེ། རབ་ཏུ་སྒྲོན་གསལ་ལས། དེ་ལ་རབ་དང་འབྲིང་གི་གཏི་མུག་གི་རིགས་ཅན་ལ་དགོངས་ཏེ་བྱ་བའི་རྒྱུད་བསྟན་ཏོ། །གཏི་མུག་དམན་པའི་རིགས་ཅན་རྣམས་ལ་སྤྱོད་པའི་རྒྱུད་བསྟན་ཏོ། །དམན་པ་དང་བར་མའི་འདོད་ཆགས་དང་ཞེ་སྡང་གཏི་མུག་གི་རིགས་ཅན་རྣམས་ལ་རྣལ་འབྱོར་གྱི་རྒྱུད་བསྟན་ཏོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རབ་ཀྱི་རིགས་ཅན་རྣམས་ལ་རྣལ་འབྱོར་གྱི་བླ་མའི་རྒྱུད་དོ། །རབ་ཀྱི་རབ་ཀྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རིགས་ཅན་རྣམས་ལ་རྣལ་འབྱོར་མའི་རྒྱུད་བསྟན་ཏོ། །ཞེས་གསུངས་སོ། །