བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༣༽.རྒྱུད་སྡེའི་དབྱེ་བ་གཞན་དང་འགལ་བའི་རྩོད་པ་སྤང་བ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༣༽.རྒྱུད་སྡེའི་དབྱེ་བ་གཞན་དང་འགལ་བའི་རྩོད་པ་སྤང་བ།)

གསུམ་པ་ལ་རྒྱུད་སྡེ་བཞིར་ངེས་པ་ཡིན་ན་སྔར་གྱི་གསུམ་དང་ལྔ་དང་དྲུག་ལ་སོགས་པར་བཤད་པ་དང་འགལ་ཞེ་ན། སྐྱོན་མེད་དེ། གསུམ་དུ་བྱས་པའི་རྣལ་འབྱོར་ལ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་གཉིས་སུ་དབྱེར་ཡོད་ཅིང་། གཉིས་ཀའང་

27b

ཏིང་ངེ་འཛིན་གཙོ་བོར་སྟོན་པ་ཙམ་ལ་དགོངས་ནས་གཅིག་ཏུ་བསྡུས་པ་ཡིན་པའི་ཕྱིར་སྐྱོན་མེད་དོ། །ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་སུ་ལྔར་ཕྱེ་བ་ནི་རྣལ་འབྱོར་ཆེན་པོ་ནི་རྣལ་འབྱོར་ཆེན་པོ་བླ་མེད་ཡིན་ལ་གཉིས་ཀའི་རྒྱུད་ནི་རྣལ་འབྱོར་གྱི་རྒྱུད་ཡིན་ལ་རྟོག་པའི་རྒྱུད་ནི་འདོད་པའི་དངོས་གྲུབ་བྱེ་བྲག་ཏུ་བསྒྲུབ་པའི་བྱ་བ་སྟོན་པས་བྱ་བའི་རྒྱུད་ལས་ལོགས་སུ་ཕྱེ་བ་ཡིན་གྱིས། ངོ་བོ་བྱ་བའི་རྒྱུད་དུ་འདུས་པས་སྐྱོན་མེད་དོ། །ཡང་མ་རྒྱུད་རྒྱུད་སྡེ་ལྔ་པར་བྱས་པ་ནི་མ་རྒྱུད་ཀྱི་ཆེ་བ་བརྗོད་པ་ཡིན་གྱི་རང་གི་ངོ་བོ་གསང་བ་ཡེ་ཤེས་བླ་ན་མེད་པར་འདུ་བས་སྐྱོན་མེད་དོ། །བདེ་མཆོག་རྒྱུད་སྡེ་དྲུག་པར་གསུངས་པ་ནི། ཐོག་མར་སངས་རྒྱས་ཀྱིས་གསུངས་པ་ལས་མ་བཅོས་པས་བརྡ་དང་སྒྲ་རྟོགས་དཀའ་བ་དང་། ཡུལ་ཉི་ཤུ་རྩ་བཞི་ན་སྤྲུལ་པའི་སྐུ་དངོས་སུ་བཞུགས་པས་བསྒྲུབ་ཐག་ཉེ་བ་ཙམ་ལ་བརྟེན་ནས་ཆེ་བ་དབྱུང་བའི་ཕྱིར་དྲུག་པར་གསུངས་ཀྱི་རང་གི་ངོ་བོ་རྣལ་འབྱོར་བླ་མེད་དུ་འདུས་སོ། །ཡང་ཚུལ་གསུམ་གྱི་སྒྲོན་མ་ལས་བྱ་བ་དང་། རྩ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་ཆེན་པོའི་རྒྱུད་དང་བཞིར་བཤད་པ་དང་འགལ་ཞེ་ན། སྐྱོན་མེད་དེ། རྩ་བའི་རྒྱུད་ནི་སྤྱོད་པའི་རྒྱུད་ཡིན་ལ། སྤྱོད་པའི་རྒྱུད་ནི་རྣལ་འབྱོར་གྱི་རྒྱུད་དོ། །དེས་ན་གང་ཟག་དབང་པོ་རབ་འབྲིང་བཞི། སྤང་བྱ་འདོད་ཆགས་ཀྱི་དྲི་མ་བཞི། གཉེན་པོ་སྦྱོང་བྱེད་དབང་བཞི། གཉེན་པོ་ལམ་བཞིར་ངེས་པའི་ཕྱིར་རྒྱུད་སྡེ་བཞིར་ངེས་སོ། །གང་ཟག་བཞིར་ངེས་པ་ནི། གུར་གྱི་ལུང་གིས་བཤད་ཟིན་ལ། སྤང་བྱ་བཞིར་ངེས་པ་ནི་སམ་པུ་ཊ་ལས། དགོད་དང་ལྟ་དང་ལག་བཅངས་དང་། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །

28a

༄༅།       །སྲིན་བུའི་ཚུལ་ཀྱིས་རྒྱུད་བཞིར་གནས། །ཞེས་པ་དང་། དེའི་འགྲེལ་པ་མན་སྙེར་དགོད་པའི་རྒྱུད་ནི་འཕྲུལ་དགའ་བ་རྣམས་ཀྱིས་བདེ་བ་ལྟ་བ་ལྟ་བུའོ་ཞེས་པ་ལ་སོགས་པ་ཐམས་ཅད་རྒྱུད་དགའ་བ་བཞི། འབྲས་བུའི་རྒྱུད་སྲིན་བུའི་དཔེས་ཆགས་པ་དང་ཆགས་བྲལ་སྒྲིབ་བྲལ་དུ་ཟ་བས་འདོད་དོ། །