བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
དང་པོ། བསྐྱེད་རིམས་ཀྱི་ཁྱད་པར།
ལེའུ་སྔོན་མ།
ལེའུ་རྗེས་མ།

(དང་པོ། བསྐྱེད་རིམས་ཀྱི་ཁྱད་པར།)

དང་པོ་ནི་འབྱུང་བ་རིམ་བརྩེགས་ཞུ་བ་ལས་གཞལ་ཡས་ཁང་བསྐྱེད་པ་ཐབས་རྒྱུད། འབྱུང་བ་རིམ་བརྩེག་རི་རབ་དང་བཅས་པའི་སྟེང་དུ་གཞལ་ཡས་ཁང་སྐྱེད་པ་ཤེས་རབ་ཀྱི་རྒྱུད་ཅེས་དྲི་མེད་འོད་ཀྱི་དབང་ལེར་བཤད་ལ། འབྱུང་བ་རིམ་རྩེག་ཞུ་ནས་ཡང་འབྱུང་བ་རིམ་རྩེག་རི་རབ་དང་བཅས་པ་བསྐྱེད་པའི་སྟེང་དུ་གཞལ་ཡས་ཁང་བསྐྱེད་པ་གཉིས་སུ་མེད་པའི་རྒྱུད་དོ། །

28b

ཞེས་དོན་གྱིས་ཐོབ་པོ། །ཡང་ཡེ་ཤེས་དགུག་པ་ལ་སོགས་པའི་ལས་ཐམས་ཅད་ལ་རྣལ་འབྱོར་མ་རྣམས་ཡང་དག་པར་རྒྱུ་ཞིང་ཐབས་མི་གཡོ་བ་ཤེས་རབ་ཀྱི་རྒྱུད། ཐབས་གཡོ་ཞིང་ཤེས་རབ་མི་གཡོ་བ་ཐབས་རྒྱུད་དེ། ཡེ་ལེའི་ཚིག་བཅད་དགུ་པའི་འགྲེལ་པར་གསུངས་ཤིང་། རྡོ་རྗེ་སྙིང་འགྲེལ་ལས་རྣལ་འབྱོར་མ་རྣམས་ཀུན་སྤྱོད་པ། །གང་དེར་ཐབས་ཀྱིས་རབ་ཏུ་གནས། །བྱིས་པ་རྣམས་ལ་རྣལ་འབྱོར་མའི། །རྒྱུད་ཆེན་ང་ཡིས་མིང་དུ་བཏགས། །གང་དུ་ཐབས་ཀྱིས་ཀུན་སྤྱོད་པར། །ཤེས་རབ་ཀྱང་ནི་གནས་གྱུར་པས། །ཐབས་ཀྱི་རྒྱུད་ཆེན་བཤད་པ་དང་། །དེ་ཉིད་ཐ་དད་ཇི་ལྟའོ། །ཞེས་གསུངས་སོ། །ཡང་ཉིན་མཚན་མཉམ་པ་དག་པས་ཡབ་ཡུམ་ཞལ་ཕྱག་མཉམ་པ་ནི་ཐབས་རྒྱུད། སྔ་ཕྱིའི་ཐུན་མཚམས་མི་མཉམ་པ་དག་པས་ཡབ་ཡུམ་ཞལ་ཕྱག་མི་མཉམ་པས་འཁྱུད་པ་ནི། ཤེས་རབ་ཀྱི་རྒྱུད་ཅེས་ཡེ་ལེའི་ཚིག་བཅད་ཞེ་བཞི་པར་གསུངས་སོ། །ཡང་ལྷ་རྣམས་གཙོ་འཁོར་བཞེངས་པ་ནི་ཤེས་རབ་ཀྱི་རྒྱུད་བཞུགས་པ་ནི་ཐབས་ཀྱི་རྒྱུད་དུ་སྒྲུབ་ལེར་དོན་གྱི་ཤུགས་ཀྱིས་གསུངས་སོ། །ཡང་དེ་བཞིན་གཤེགས་པ་མཁའ་འགྲོ་མའི་སྐུར་སྟོན་ཅིང་མོ་ཡིས་གཙོ་བྱས་པའམ། འཁོར་མོའི་ཚོགས་ཀྱིས་བསྐོར་བ་ནི་མ་རྒྱུད། སངས་རྒྱས་ཡབ་ཀྱིས་གཙོ་བྱས་ཤིང་འཁོར་ཕོའི་ཚོགས་ཤས་ཆེ་བས་བསྐོར་བ་ནི་ཕ་རྒྱུད་དེ། གུར་ལས། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །མཁའ་འགྲོ་མ་ནི་དམ་པའི་ཚོགས། །མཁའ་འགྲོ་ལྔ་ནི་རབ་སྒྲུབ་ཕྱིར། །མཁའ་འགྲོ་མའི་རྒྱུད་ཅེས་བཤད་ཅེས་སོ། །གཞན་ཡང་གདན་རིན་པོ་ཆེའི་ཁྲི་དང་ཕྱག་མཚན་གྱི་སྟེང་དང་སེང་གེ་ལ་སོགས་པའི་ཁྲི་ལ་བཞུགས་པ་དང་རྒྱན་རིན་པོ་ཆེའི་

29a

༄༅།       །རྒྱན། ཕྱག་མཚན་འཁོར་ལོ་དང་རིན་པོ་ཆེ་ལ་སོགས་པ་ཤས་ཆེ་བ་དང་ལྷ་ཁྲོ་བོ་བཞེངས་པ་རྣམས་གཡོན་བརྐྱང་། ཞི་བ་བཞུགས་པ་རྣམས་གཡོན་འགྱིངས་དང་། ན་བཟའ་དར་ལ་སོགས་པ་གསོལ་བ་ནི་ཐབས་ཀྱི་རྒྱུད། གདན་རོ་དང་ཐོད་པ་ལ་སོགས་པ་རྒྱན་རུས་རྒྱན་དང་མགོ་འཕྲེང་དང་མི་ལྤགས་ལ་སོགས་པ་དང་། ཕྱག་མཚན་གྲི་གུག་དང་ཐོད་པ་ཁ་ཊྭཱཾ་ཀ་དང་ཌ་མ་རུ་ལ་སོགས་པ་དང་། ལྷ་གཡས་བརྐྱང་དང་གཡས་འགྱིང་དང་ན་བཟའ་མི་ལྤགས་དང་གླང་ལྤགས་དང་ན་བཟའ་མེད་པའི་གཅེར་བུ་རྣམས་མ་རྒྱུད་དོ་ཞེས་དང་། དཀྱིལ་འཁོར་ལ་དུར་ཁྲོད་ཡོད་པ་མ་རྒྱུད་དོ་ཞེས་དང་། མེད་པ་ཕ་རྒྱུད་ཅེས་བླ་མ་དག་གསུང་ངོ་། །