བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
གཉིས་པ། རྫོགས་རིམ་གྱི་ཁྱད་པར།
ལེའུ་སྔོན་མ།
(གཉིས་པ། རྫོགས་རིམ་གྱི་ཁྱད་པར།)
གཉིས་པ་ལ། ཤེས་རབ་ཀྱི་ཐབས་དཀྱིལ་འཁོར་འཁོར་ལོའི་རྫོགས་རིམས་སྟོན་པ་མ་རྒྱུད་དེ། གུར་ལས། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །འདི་ནི་རྣལ་འབྱོར་མར་བརྗོད་དེ། །ཕྱག་རྒྱ་ཆེན་པོ་རབ་སྦྱོར་བས། །གང་ཕྱིར་དེ་ཉིད་ལ་འཇུག་པ། །རྣལ་འབྱོར་མ་ཡི་རྒྱུད་ཅེས་བྱ། །ཞེས་སོ། །བདག་བྱིན་རླབས་དང་མངོན་པར་བྱང་ཆུབ་པའི་རིམ་པ་གཙོ་བོར་སྟོན་པ་ནི་ཕ་རྒྱུད་དོ། །ཡང་རྩ་གཙོ་བོར་སྟོན་པ་མ་རྒྱུད། རླུང་གི་དེ་ཉིད་གཙོ་བོར་སྟོན་པ་ཕ་རྒྱུད་དེ། འཇམ་དཔལ་ཞལ་ལུང་གི་འགྲེལ་པ་ལས། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཀྱི་མན་ངག་སྟེ། མཁའ་འགྲོ་མའི་རྒྱུད་རྣམས་རྩ་གཙོ་བོར་བྱེད་པའི་རྒྱུད་དེ་དེས་རྟོགས་པའོ། །རྣལ་འབྱོར་ཐབས་གཙོ་བོར་བྱེད་པའི་རྒྱུད་ནི། རླུང་གི་དེ་ཉིད་གཙོ་བོ་དེས་རྟོགས་པར་བྱེད་པའོ་ཅེས་སོ། །