བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
གསུམ་པ། རྣམ་དག་གི་ཁྱད་པར།
ལེའུ་སྔོན་མ།
(གསུམ་པ། རྣམ་དག་གི་ཁྱད་པར།)
གསུམ་པ་ནི་ཕུང་པོ་ལྔ་དག་པའི་ཡེ་ཤེས་ལྔའི་ཆ་ནས་སངས་རྒྱས་ལྔར་སྟོན་པ་ཕ་རྒྱུད། ཁམས་ལྔ་དག་པ་ལྷ་མོ་གཙོ་བོར་སྟོན་པའི་ཆ་ནས་མ་རྒྱུད་དུ་
29b
དྲི་མེད་འོད་དུ་བཤད་ལ། གསང་བ་འདུས་པ་ལས་ཀྱང་མདོར་ན་ཕུང་པོ་ལྔ་རྒྱལ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །ཞེས་གསུངས། རླུང་རྣམ་པར་དག་པ་ཡེ་ཤེས་ལྔར་སྟོན་པ་ཕ་རྒྱུད་དེ། རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་བཞིན་གཤེགས་པ་ལྔ་རང་བཞིན། །ཕུང་པོ་ལྔ་ཡི་རང་ངོ་བོ། །ཕུང་པོ་ལྔ་ནི་རྣམ་དག་པ། །རླུང་ལྔ་དག་ནི་རྒྱུ་བར་བྱེད། །ཅེས་པ་དང་། རླུང་གི་དེ་ཉིད་གསལ་བ་འདི། །ཡེ་ཤེས་ལྔའི་རང་བཞིན་ཅན། །ཞེས་སོ། །རྩ་རྣམ་པར་དག་པ་མཁའ་འགྲོ་མར་སྟོན་པ་མ་རྒྱུད་དེ། བདེ་མཆོག་ལས། འདི་དག་གནས་སུ་མཁའ་འགྲོ་མ། །རྩ་གཟུགས་མཛེས་པས་ཡང་དག་གནས། །ཅེས་དང་། ཀྱེའི་རྡོ་རྗེ་ལས། རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེའི་རྣམ་པ་རྣམས་སུ་བརྗོད། །ཅེས་པས་སོ། །