(༢. རྒྱུད་ཀྱི་བསྡུ་བ།)
གཉིས་པ་ནི། དབང་མདོར་བསྟན་ལས། རྒྱུད་ལ་མདོར་བསྟན་རྣམ་གསུམ་དང་། །རྒྱས་པར་བཤད་པ་གསུམ་དུ་འགྱུར། །ཞེས་གསུངས་པས། བསྡུས་རྒྱུད་ནི་མདོར་བསྟན་པ་ཡིན་ལ། དེའི་དཀའ་འགྲེལ་ནི་རབ་ཏུ་མདོར་བསྟན་དང་། རྒྱ་ཆེར་འགྲེལ་ནི་མདོར་བསྟན་ཆེན་པོའོ། །རྩ་བའི་རྒྱུད་ནི་རྒྱས་བཤད་ཡིན་ལ། དེའི་དཀའ་འགྲེལ་ནི་རབ་ཏུ་རྒྱས་
༄༅། །བཤད། རྒྱ་ཆེར་འགྲེལ་ནི་རྒྱས་བཤད་ཆེན་པོ་སྟེ། འགྲེལ་པ་དེ་དག་ཀྱང་ས་བཅུའི་དབང་ཕྱུག་གིས་མཛད་པ་སྟེ། དེ་ལྟར་རྒྱུད་ཐམས་ཅད་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་གཉིས་སུ་འདུས་ཏེ། དང་པོ་ཉིད་དུ་གསལ་བར་གསུངས་པ་ནི་རྩ་བའི་རྒྱུད་ཡིན་ལ། ཕྱིས་དེ་ཉིད་གདུལ་བྱའི་དབང་གིས་བསྡུས་ཏེ་གསུངས་པ་ནི་བསྡུས་རྒྱུད་དམ་ཉུང་ངུའི་རྒྱུད་དོ། །ཡང་བོད་ཀྱི་བླ་མ་དག་རྒྱུད་ཐམས་ཅད་བཤད་གཞི་རྩ་བའི་རྒྱུད་དང་འཆད་བྱེད་བཤད་པའི་རྒྱུད་གཉིས་སུ་འདུས་པར་གསུངས་ཏེ། རྩ་བའི་རྒྱུད་ལ་རྒྱས་འབྲིང་བསྡུས་གསུམ་མམ་རྒྱས་བསྡུས་གཉིས་ཏེ། བདེ་མཆོག་གི་ལེའུ་འབུམ་པ་དང་། ཤུ་ལོ་ཀ་འབུམ་པ་དང་། ལེའུ་ལྔ་བཅུ་རྩ་གཅིག་པ་ལྟ་བུ་དང་། གསང་འདུས་རྩ་རྒྱུད་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང་། བསྡུས་རྒྱུད་ཤུ་ལོ་ཀ་སྟོང་བརྒྱད་བརྒྱ་པ་ལྟ་བུའོ། །རྒྱུད་ཕྱི་མ་ལ་སྔར་གྱི་དོན་བསྡུས་ནས་སྟོན་པའི་ཕྱི་མ་དང་ཕྱི་མའི་ཕྱི་མ་ནི། རྩ་རྒྱུད་ཀྱི་ནང་དུ་འདུས་སོ། །དངོས་གྲུབ་སྟོན་པའི་ཕྱི་མ་ནི་དེ་ཉིད་འདུས་པའི་རྒྱུད་ཕྱི་མ་ལྟ་བུ་སྟེ། དེ་ནི་རྩ་རྒྱུད་ཀྱི་ཕྱི་མ་ཡིན་ན་རྩ་རྒྱུད་དུ་འདུས། བཤད་རྒྱུད་ཀྱི་ཕྱི་མ་ཡིན་ན་བཤད་རྒྱུད་དུ་འདུས་སོ། །རྒྱུད་སྔ་མའི་མ་ཚང་བ་ཁ་སྐོང་བའི་ཕྱི་མ་ནི་བརྟག་གཉིས་ཀྱི་བརྟག་པ་ཕྱི་མ་ལྟ་བུ་སྟེ་དེ་ཡང་སྔར་དང་འདྲའོ། །རྒྱུད་སྔ་མའི་བཤད་པའི་འཕྲོ་འཆད་པའི་ཕྱི་མ་ནི། ངན་སོང་སྦྱོང་རྒྱུད་ཀྱི་རྟག་པ་ཕྱི་མ་ལྟ་བུ་སྟེ། དེ་ཡང་སྔར་དང་འདྲའོ། །རྒྱུད་སྔ་མའི་སྙིང་པོའི་དོན་བསྡུས་ཏེ་སྟོན་པའི་ཕྱི་མ་ནི་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོ་ཕྱི་མ་ལྟ་བུ་སྟེ། དེ་ཡང་སྔར་དང་འདྲའོ། །རྒྱུད་སྔ་མའི་དོན་འཆད་ཅིང་གཏན་ལ་འབེབ་
པའི་ཕྱི་མ་ནི། གསང་བ་འདུས་པའི་རྒྱུད་ཕྱི་མ་ལྟ་བུ་སྟེ། དེ་ནི་རྒྱུད་སྔ་མའི་དོན་གཏན་ལ་འབེབས་ཤིང་འཆད་པའི་ཕྱིར་བཤད་པའི་རྒྱུད་ཉིད་དུ་འདུས་སོ། །བཤད་པའི་རྒྱུད་ལ་གཉིས་བཤད་རྒྱུད་ཐུན་མོང་བ་དང་ཐུན་མོང་མ་ཡིན་བ་གཉིས། ཐུན་མོང་བ་ནི་རྒྱུད་སྡེ་དུ་མའི་དོན་གསལ་བར་བྱེད་པ་སམ་པུ་ཊི་ལྟ་བུའོ། །ཐུན་མོང་མ་ཡིན་པ་ནི་རང་རང་གི་རྒྱུད་ཀྱི་དོན་གསལ་བར་བྱེད་པ་སྟེ་གསང་འདུས་ཀྱི་བཤད་རྒྱུད་དགོངས་པ་ལུང་སྟོན་ལྟ་བུའོ། །སྤྱིར་བཤད་པའི་རྒྱུད་དུ་འགྲོ་བ་ལ་མི་གསལ་བ་གསལ་བར་བྱེད་པ་དང་། མ་ཚང་བ་ཁ་སྐོང་བ་དང་། ཚུལ་མི་འདྲ་བ་དང་། དོན་བསྡུས་པ་དང་། ཆ་འཐུན་བས་ངེས་ཤེས་སྐྱེད་པ་དང་། ཚིག་དང་དོན་རྣམ་པར་ཕྱེ་བས་བཤད་པའི་རྒྱུད་དུ་འགྱུར་བའོ། །དང་པོ་ནི་གསང་འདུས་རྩ་རྒྱུད་ན་ལྷ་སོ་གཉིས་མི་གསལ་བར་གསུངས་པ་ལ། རྒྱུད་རྡོ་རྗེ་ཕྲེང་བར་མི་བསྐྱོད་སྐུ་མདོག་ཕྱག་རྒྱ་སོགས། །རིགས་ནི་དབུས་སུ་དགོད་པར་བྱ། །ཞེས་པ་ནས། གནོད་མཛེས་དེ་བཞིན་གཙུག་ཏོར་ནི། །འོག་དང་སྟེང་དུ་རྣམ་པར་དགོད། །ཅེས་པའི་བར་གྱིས་གསལ་བར་གསུངས་པ་ལྟ་བུའོ། །གཉིས་པ་ནི། གསང་འདུས་རྩ་རྒྱུད་དུ་ཆོ་ག་ཉི་ཤུ་ཚང་བར་མ་གསུངས་པ་ལ། རྒྱུད་རྡོ་རྗེ་ཕྲེང་བར། དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །རྣམ་པ་ཉི་ཤུའི་མིང་ཅན་ནི། །སློབ་དཔོན་ལས་ནི་ཡོངས་སུ་བཤད། །ཅེས་པ་ལ་སོགས་ཀྱི་ཚང་བར་གསུངས་པ་ལྟ་བུའོ། །གསུམ་པ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་སྔགས་དང་ཕྱག་མཚན་ལ་སོགས་པ་ཅུང་ཟད་མི་འདྲ་བར་གསུངས་པ་ལྟ་བུའོ། །བཞི་པ་ནི་སྔར་གྱི་སྙིང་པོའི་དོན་བསྡུས་པ་གསང་འདུས་ཀྱི་རྒྱུད་ཕྱི་མ་ལྟ་བུའོ། །ལྔ་པ་ནི་གསང་འདུས་རྩ་རྒྱུད་དུ་སྔགས་ཀྱི་སྐུ་བསྐྱེད་པ་དང་ཡེ་ཤེས་ཀྱི་སྐུ་
༄༅། །བསྐྱེད་པ་གསུངས་པ་ལ། སྒྱུ་འཕྲུལ་དྲ་བའི་རྒྱུད་དུ་དེ་ཉིད་གསལ་བར་གསུངས་པས་ངེས་ཤེས་བསྐྱེད་པ་ལྟ་བུའོ། །དྲུག་པ་ནི་ཚིག་རྣམ་པར་འབྱེད་པ་རྒྱུད་བཤད་ཐབས་ཀྱི་ཡན་ལག་གི་རྒྱན་བདུན་གསལ་བར་སྟོན་པ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལྟ་བུ་དང་། དོན་རྣམ་པར་འབྱེད་པ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ་ལ། དགོངས་པ་ལུང་སྟོན་ལས། དེ་ཉིད་འདི་སྐད་བདག་གིས་ཐོས། །ཤིན་དུ་གསལ་བའི་དུས་གཅིག་ན། །ཞེས་སོགས་ཀྱིས་ཤིན་ཏུ་གསལ་བ་ལྟ་བུའོ། །འཕྲོས་པའི་རྒྱུད་ནི་བཤད་པའི་རྒྱུད་ཉིད་མ་ཡིན་ཡང་དེ་དང་རིགས་འདྲ་ཞིང་ཆོས་སྐད་འཐུན་བ་ཙམ་ལ་འཕྲོས་རྒྱུད་ཅེས་བྱ་སྟེ། འདུས་པ་ལ་ལྟོས་ནས་གཤིན་རྗེ་དགྲ་ནག་པོའི་རྒྱུད་ལྟ་བུ་སྟེ། དགྲ་ནག་ལས། རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། ། ཞེས་གསུངས་པ་ལྟ་བུའོ། །