བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༡. ར་ལུགས།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༡. ར་ལུགས།)

དུས་ཀྱི་འཁོར་ལོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྐོར་དུ་གྲགས་པ་འདི་རྣམས་རྒྱ་གར་དུ་རྒྱལ་པོ་གསུམ་གྱི་རིང་ལ་བྱུང་སྟེ། དེ་ཡང་རྡོ་རྗེ་གདན་དབུས་སུ་བཞག་པའི་ཤར་ཕྱོགས་ན་ག་ཛ་པ་ཏི་གླང་པོ་ཆེ་སྐྱོང་བའི་རྒྱལ་པོ་དེ་ཧ་པ་ལ། ལྷོ་ཕྱོགས་ན་ན་ར་པ་ཏི་མི་སྐྱོང་བའི་རྒྱལ་པོ་ཛའུ་གང་ག་པ། ནུབ་ཕྱོགས་ན་ཨ་ཤྭཱ་པ་ཏི་རྟ་སྐྱོང་བའི་རྒྱལ་པོ་ཀ་ནའུ་ཛ་ཞེས་པ་ཡོད་པའི་ཚེ་བྱུང་ངོ་། །དེ་ལ་རྒྱ་གར་ཤར་ཕྱོགས་ན་ཡུལ་སྡེ་ལྔ་ཡོད་པའི་ནང་ནས་ཨོར་བི་པར་སྐུ་འཁྲུངས་པའི་སློབ་དཔོན་ཆེན་པོ་སྡེ་སྣོད་ཐམས་ཅད་ལ་

35b

ཐུགས་སྦྱངས་པའི་ཙི་ལུ་པཎྜི་ཏས། རད་ན་གི་རཱི་བི་ཧཱ་ར་དང་། བི་ཀྲ་མ་ཤཱི་ལ་དང་། ནཱ་ལེན་དྲ་རྣམས་སུ་སྡེ་སྣོད་ཀྱི་པོ་ཏི་ཐམས་ཅད་གཟིགས་ཤིང་། ཁྱད་པར་དུ་རུ་ཁའི་གནོད་པ་མེད་པ་རིན་ཆེན་རི་བོར་གཟིགས་པས། སྤྱིར་སངས་རྒྱས་ཚེ་གཅིག་གིས་འགྲུབ་པ་ལ་སྔགས་ཀྱི་ཐེག་པ་དགོས་ཤིང་ཁྱད་པར་དུ་བྱང་ཆུབ་སེམས་དཔའི་འགྲེལ་པས་གསལ་བར་བྱས་པ་དགོས་ལ། དེ་ཤམ་བྷ་ལར་ཡོད་པ་མཁྱེན་ནས་ཡི་དམ་གྱི་ལྷས་ལུང་བསྟན་པ་ལ་བརྟེན་ནས་རྒྱ་མཚོར་ནོར་བུ་ལེན་པའི་ཚོང་པ་དང་འགྲོགས་ཏེ། རྒྱ་མཚོ་ལ་རྒལ་བའི་ཚོང་པ་རྣམས་དང་ཟླ་བ་དྲུག་གིས་འཛོམ་དུས་བྱས་ཏེ་ལམ་སོ་སོར་ཞུགས་སོ། །དེ་ནས་སློབ་དཔོན་གྱིས་རིམ་གྱིས་བྱོན་ནས་རི་གཅིག་གི་སྟེང་དུ་འཛེགས་པ་དང་མི་ཞིག་དང་ཕྲད་པས་དེ་ན་རེ་ཁྱོད་གར་འགྲོ་ཟེར་བ་ལ་ཤམ་པ་ལར་བྱང་ཆུབ་སེམས་དཔའི་སྐོར་ཚོལ་དུ་འགྲོ་བྱས་པས། དེར་ཤིན་ཏུ་བགྲོད་དཀའ་སྟེ་ཤེས་པ་བྱུང་ན་འདིར་ཡང་མཉན་པས་ཆོག་མོད་གསུང་བ་དང་། འཇམ་དཔལ་གྱི་སྤྲུལ་པར་ཤེས་ཏེ་ཕྱག་བྱས་མཎྜལ་ཕུལ་གསོལ་བ་བཏབ་པས། དབང་རྒྱུད་འགྲེལ་མན་ངག་གནང་ཞིང་རྗེས་སུ་བཟུང་ནས་མེ་ཏོག་གཅིག་སྤྱི་བོར་བཞག་སྟེ་བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པ་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་པས་ཆུ་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་ལྟར་བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པ་ཁོང་དུ་ཆུད་པར་གྱུར་ཏེ། ཚུར་བྱོན་པ་དང་ཚོང་པ་རྣམས་དང་འཛོམས་ཏེ། སླར་རྒྱ་གར་ཤར་ཕྱོགས་སུ་བྱོན་ནོ། །ཡང་ལུགས་གཅིག་ལ་ཙེ་ལུ་པཎྜི་ཏ་དེ་རྣལ་འབྱོར་པ་ཞིག་གི་བུ་ཡིན་པས་ཕ་ཡིས་ཤམ་བྷ་ལར་ཁྲིད་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དགེ་སློང་ཤིན་ཏུ་གཟུགས་བཟང་བ་གཅིག་དང་འཇལ་ཏེ།

36a

༄༅།        །དེས་བྱིན་གྱིས་བརླབས་པས་ཞག་རེ་ལ་ཤུ་ལོ་ཀ་སྟོང་སྟོང་ཟིན་པར་གྱུར་ཏེ། རྒྱུད་འགྲེལ་ཐམས་ཅད་ཐུགས་ལ་བཟུང་ནས་རྒྱ་གར་དུ་བྱོན་ཏེ། རབ་ཏུ་བྱུང་བའི་མཚན་ཙེ་ལུ་པ་ཞེས་གྲགས་སོ། །དེ་ནས་སློབ་དཔོན་ཀ་ཏ་ཀའི་རྒྱལ་པོའི་སར་བཞུགས་པས། སློབ་མ་གསུམ་བྱུང་དེ་རྣམས་ཀྱིས་རྒྱུད་འགྲེལ་རྣམས་གླེགས་བམ་ལ་འབྲི་བར་ཞུས་བྲིས་སོ། །སློབ་མ་གཅིག་ཐ་མལ་པ་གཅིག་བྱུང་། གཅིག་རྒྱལ་བའི་འབྱུང་གནས་སྦས་པ་ཞེས་པ་གྲུབ་པ་བརྙེས་པ་གཅིག་བྱུང་། གཅིག་ཤར་ཕྱོགས་བྷ་ག་ལར་སྐུ་འཁྲུངས་པའི་པི་ཏོ་ཨཱ་ཙརྱ་འམ། པིཎྜི་ཨཱ་ཙརྱ་ཞེས་པ་མཁས་པ་ཞིག་བྱུང་སྟེ། དེས་བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པ་ཐུགས་སུ་ཆུད་ཅིང་ཐུགས་ཉམས་སུ་བཞེས་སོ། །དེ་ནས་ཡུལ་དེར་རྒྱལ་པོ་གཞན་གྱི་དམག་བྱུང་སྟེ། རྒྱུད་འགྲེལ་གྱི་དཔེ་ཐམས་ཅད་དོང་དུ་སྦས་ཏེ་བྲོས། དམག་གྱེས་ནས་བལྟས་པས་བདེ་དགྱེས་གཉིས་ཀྱི་འགྲེལ་པའི་སྨད་མི་འདུག་ནས་འབྲི་བར་ཞུས་པས། མཁའ་འགྲོ་མས་སྦས་པར་བྲིར་མི་རུང་གསུང་ནས་མ་གནང་། ཙེ་ལུ་པ་སླར་རྒྱ་གར་ཤར་ཕྱོགས་སུ་གཤེགས་སོ། །དེ་ནས་པིཎྜི་ཨཱ་ཙརྱ་དེས། བ་རེན་དྲར་སྐུ་འཁྲུངས་པའི་སློབ་དཔོན་དུས་ཞབས་པ་ཆེན་པོ་ལ་གསུངས་ཤིང་། དེས་ཀྱང་སྔར་བཞིན་དུ་མཁྱེན་ཅིང་ཐུགས་ཉམས་སུ་བཞེས་སོ། །ཁ་ཅིག་ན་རེ་དུས་ཞབས་པ་དེ་སྒྲོལ་མའི་ཞལ་མཐོང་ནས་ཅི་འདོད་པ་ཞུ་རུ་ཡོད་པས་སྒྲོལ་མས་ལུང་བསྟན་ནས་ཤམ་བྷ་ལར་བྱོན་ཏེ་སྤྱན་རས་གཟིགས་ཀྱིས་ལམ་ནས་བསུ་ནས། མ་ལ་ཡའི་ཚལ་གྱི་དཀྱིལ་འཁོར་གྱི་ཁང་པར་ཁྲིད་དེ་དབང་བསྐུར་རྒྱུད་འགྲེལ་རྣམས་བཤད་ནས་དཔེ་ཐམས་ཅད་ཀྱང་གནང་སྟེ་བྱོན་ནོ། །དེ་ནས་རྒྱ་

36b

གར་ཤར་ཕྱོགས་མེ་ཏོག་ཁྱིམ་ཞེས་བྱ་བར་བཞུགས་པས་སློབ་མའི་མཆོག་བཞི་བྱུང་སྟེ། དུས་ཞབས་པ་ཆུང་ངུ་དང་། འདུལ་བ་འབྱུང་གནས་བློ་གྲོས་དང་། སེང་གེ་རྒྱལ་མཚན་དང་མཐའ་ཡས་རྣམས་སོ། །དེ་ལ་དུས་ཞབས་པ་ཆུང་བ་ནི་མན་ཛུ་ཧ་དེ་ཤར་ཕྱོགས་སུ་སྐུ་འཁྲུངས། མཚན་བྷོ་དྷི་པ་ཞེས་ཀྱང་ཟེར། ནཱ་ལེན་དྲ་པ་ཞེས་ཀྱང་ཟེར་རོ། །ཁ་ཅིག་དྷརྨཱ་ཀ་ར་དང་གཅིག་ཏུ་འདོད་པ་ནི་མི་འཐད་དེ། དེ་ནི་ས་དྷུ་པུ་ཏྲའི་སློབ་མ་ཡིན་བས་དུས་འཕྱི་བས་སོ། །ར་པ་ན་རེ་དུས་ཞབས་པ་ཆུང་བས་རད་ན་ཨ་ཀ་ར་ལ་གསུངས། དེས་ནཱ་ལེན་དྲར་དར་བར་བྱས་ཤེས་གསུང་བ་ལ་བླ་མ་གོང་མའི་ཞལ་ནས་དེ་གཉིས་གྲོགས་མཆེད་ཡིན་ཞིང་། དུས་ཞབས་པ་ཆུང་བ་ན་ལེན་དྲར་བྱོན་དུས་འཁོར་གྱི་ལྷ་ཁང་བཞེངས་པཎྜི་ཏ་མང་པོ་སློབ་མར་བཅུག་པ་ཡིན་པའི་ཕྱིར་དང་། བརྒྱུད་པ་གཞན་དང་གུང་ཡང་འགྲིག་པས་རད་ན་ཨཱ་ཀ་ར་མི་དགོས་གསུང་། དུས་ཞབས་པ་ཆུང་བ་དེས་མ་ག་ཏར་དར་ན་ཐམས་ཅད་དུ་དར་བར་འགྱུར་སྙམ་དུ་དགོངས་ནས། མ་ག་ཏའི་རྒྱལ་པོ་ཤིང་སྟན་ཅན་གྱིས་བྱེད་ཅིང་། སེན་དྷ་བས་ཨོདྡྷྱནྟ་པུ་རིའི་གཙུག་ལག་ཁང་འཛིན་པའི་དུས་སུ། ནཱ་ལེན་ཏྲར་བྱོན་ནས། གཙུག་ལག་ཁང་གི་སྒོ་གོང་དུ་རྣམ་བཅུ་དབང་ལྡན་གྱི་སྔགས་བྲིས། དེའི་འོག་ཏུ། གང་ཞིག་དང་པོའི་སངས་རྒྱས་མི་ཤེས་པ་དེ་རྣམས་ཀྱིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་ཤེས་པ་ནས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བ་སྟེ་འཁོར་བ་པའོ་ཞེས་པའི་བར་བྲིས་པས། པཎྜི་ཏ་ལྔ་བརྒྱ་ཙམ་བཞུགས་པ་རྣམས་མ་རངས་པར་བརྩད་པས་ཆོས་ཀྱི་

37a

༄༅།       །རང་བཞིན་ཟབ་ཅིང་རྒྱ་ཆེ་བས་ཐབས་ཅད་བཏུལ་ནས་སློབ་མར་གྱུར་ཏེ། ཁྱད་པར་དུ། མཉྫུ་ཀི་རྟི་དང་། ཨ་བྷི་ཡུཀྟ་དང་། པཎྜི་ཏ་རི་བོ་པ་དང་། དཱ་བྱང་ཆུབ་སེམས་དཔའ་དང་། ཨ་བྷ་ཡ་དང་། པཱུ་ཎྱ་ཆེན་པོ་དང་། ཁ་ཆེ་གམྦྷཱི་ར་དང་། ཤནྟ་གུཔྟ་དང་། གུ་ཎ་རཀྵི་ཏ་དང་ཟླ་མགོན་དང་། སྩ་མི་ལ་སོགས་པའི་མཁས་པ་མང་དུ་བྱུང་ཞིང་། རྒྱལ་རིགས། རྗེ་རིགས། ཚོང་པ་ལ་སོགས་པ་རྣམས་ཀྱང་དད་ནས་དཔེ་འབྲི་ཞིང་བག་ཆགས་འཇོག་པ་མང་དུ་བྱུང་སྟེ། ཤིན་ཏུ་དར་བར་གྱུར་ཏོ། །དེ་ནས་བལ་པོ་ཡེ་རང་དུ་སྐུ་འཁྲུངས་པའི་པཎྜི་ཏ་ས་མནྟ་ཤྲཱི་བྷ་དྲས་མཁས་པ་ལྔ་ལ་གསན་ཅིང་། ཁྱད་པར་མཉྫུ་ཀིརྟིའི་རྗེས་སུ་འབྲང་ངོ་། །