བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༡.རྒྱུད་ཀྱི་མཚན་བཤད་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༡.རྒྱུད་ཀྱི་མཚན་བཤད་པ།)

དང་པོ་ནི། སྐད་ཅིག་གཅིག་དང་། རྣམ་པ་ལྔ་དང་། རྣམ་པ་ཉི་ཤུ་དང་། སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་འགྱུར་བ་མེད་པའི་བདེ་བ་ནི་མཆོག་ཡིན་ལ། དེས་དང་པོར་སངས་རྒྱས་པ་ནི་མཆོག་གི་དང་པོའི་སངས་རྒྱས་ཏེ། དང་པོའི་སྒྲས་ནི་ཐོག་མ་དང་ཐ་མ་མེད་པར་རྗོད་པར་བྱེད་པ་ཡིན་ལ། དེས་དབུས་མེད་པའང་དོན་གྱིས་བཤད་དེ། ཐོག་མཐའ་བར་གསུམ་དང་བྲལ་བའི་ཕྱིར་དང་པོའང་ཡིན་ལ་སངས་རྒྱས་ཀྱང་ཡིན་པས་དང་པོའི་སངས་རྒྱས་སོ། །བརྗོད་པར་བྱ་བ་མཆོག་གི་དང་པོའི་སངས་རྒྱས། རྗོད་པར་བྱེད་པའི་ཕྱིར། བརྗོད་བྱའི་མིང་རྗོད་བྱེད་ལ་བཏགས་ནས། མཆོག་གི་དང་པོའི་སངས་རྒྱས་ཏེ་རྩ་བའི་རྒྱུད་དོ། །དེ་ལས་ཕྱུང་བ་ནི་དོན་ཡང་དག་པར་བསྡུས་པ་ཡིན་གྱི་ལེའུ་གཅིག་ལོགས་སུ་ཕྱུང་བ་ལྟ་བུ་ནི་མ་ཡིན་ནོ། །དཔལ་ནི་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེ་ནི་ཐམས་ཅད་ཀྱིས་འདོད་ཅིང་བསྟེན་པར་བྱ་བ་ཡིན་བའི་ཕྱིར་ཏེ། ཇི་སྐད་དུ་ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ་ཞེས་སོ། །དུས་ཀྱི་འཁོར་ལོ་ནི་ཕྱི་ནང་གཞན་གསུམ་ལ་སྦྱོར་བའི་དང་པོ་ཕྱི་ལ་སྦྱར་ན། ཉི་མ་དང་ཟླ་བ་དང་ཉིན་མོ་དང་མཚན་མོའི་དབྱེ་བས་ཉིན་མཚན་ནི་དུས་ཡིན་ལ། དེའི་འཁོར་ལོ་ནི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་ཀྱི་ཁྱིམ་གྱི་འཁོར་ལོ་སྟེ། འཇིག་རྟེན་ཀུན་རྫོབ་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་

52a

༄༅།       །དང་འཇིག་པའི་རྒྱུར་གྱུར་པའོ། །དེ་སྐད་དུའང་། དུས་ཀྱིས་འབྱུང་པོ་རྣམས་སྤྲོ་ཞིང་། །དུས་ཀྱི་རྟག་ཏུ་སྡུད་པར་བྱེད། །དུས་ནི་བཅོམ་ལྡན་རྡོ་རྗེ་ཅན། །ཉིན་མཚན་རང་བཞིན་ཅན་ཡིན་ནོ། །ཞེས་སོ། །ནང་ལ་སྦྱར་བའང་དེས་འགྲུབ་སྟེ། ཉིན་མཚན་ནི་དུས་ཡིན་ལ་འཁོར་ལོ་ནི་དབུགས་དང་དུས་སྦྱོར་བཅུ་གཉིས་ཡིན་པས་སོ། །གཞན་ཡང་། དུས་ཞབས་པས་མཛད་ཟེར་བའི་དབང་མདོར་བསྟན་གྱི་འགྲེལ་པར་རྩ་རྒྱུད་ཀྱི་ལུང་དྲངས་པར། ཕྱི་དང་ནང་གི་དབྱེ་བ་ཡིས། །དུས་ནི་རྣམ་པ་གཉིས་སུ་འདོད། །དེ་བཞིན་འཁོར་ལོ་རྣམ་པ་གཉིས། །དུས་ཀྱི་འཁོར་ལོ་རབ་ཏུ་བརྗོད། །ཕྱིའི་དུས་ནི་རྣམ་པ་ལྔ། །ནང་གི་སྟེང་འོག་རབ་དབྱེ་བས། །རྣམ་པ་གཉིས་སུ་ཤེས་བྱ་ཞིང་། །མཁས་པ་རྣམས་ཀྱིས་རྟོགས་པར་བྱ། །དྲུག་ཅུ་དང་ནི་བཅུ་གཉིས་ཁྱིམ། །དེ་བཞིན་ཉིན་དང་མཚན་མོ་དང་། །བགྲོད་པ་གཉིས་དང་དུས་ཚོད་དེ། །རྣམ་པ་ལྔར་ནི་ཡང་དག་བརྗོད། །སྟེང་ཡང་གཡས་དང་གཡོན་པ་དང་། །འབྱུང་འཇུག་གནས་པའི་རབ་དབྱེ་དང་། །དཀྱིལ་འཁོར་ལྔ་ལྔའི་དབྱེ་བ་ཡིས། །རྣམ་པ་གསུམ་དུ་རབ་ཏུ་བཤད། །འོག་གི་འབྱུང་འཇུག་བྱེ་བྲག་གིས། །རྣམ་པ་གཉིས་སུ་བརྟག་པར་བྱ། །འདི་དག་ཕྱིར་ནི་རྟོགས་པར་བྱ། །བཟང་ངན་བསམ་མི་ཁྱབ་པར་གསུངས། །བཟང་དུས་གང་ཡིན་དེ་བླང་ཞིང་། །ངན་པའི་དུས་ནི་སྤང་བར་བྱ། །བསམ་མི་ཁྱབ་པ་ཀུན་ཏུ་བླང་། །རྒྱུད་རྣམས་ཀུན་གྱི་དོན་འདི་ཡིན། །འཁོར་བས་འཁོར་ལོར་རབ་ཏུ་བརྗོད་ཅེས་གསུངས་པ་བཞིན་སྦྱར་ལ་བཤད་དོ། །གཞན་ལ་སྦྱར་བ་ལ། དུས་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་མཚན་ཉིད་དེ། དེ་ཡིས་གང་གི་ལུས་ཕུང་པོ་དང་ཁམས་ལ་སོགས་པ་སྒྲིབ་པ་མེད་པའི་

52b

འཁོར་ལོར་བསྐྱེད་པ་དེ་ནི་དུས་ཀྱི་འཁོར་ལོ་འདིས་རྒྱུ་དང་འབྲས་བུ་དབྱེར་མེད་པ་ཉིད་དུ་བསྟན་ནོ། །འགྱུར་མེད་བདེ་བའི་ཡེ་ཤེས་སྒྲིབ་པ་ཐམས་ཅད་ཟད་པའི་རྒྱུར་གྱུར་པ་ནི་དུས་ཤེས་བརྗོད་དེ། ཐབས་དང་སྙིང་རྗེའི་བདག་ཉིད་མངོན་བར་ཤེས་པ་དྲུག་གི་བདག་ཉིད་དོ། །ཤེས་བྱ་ཁམས་གསུམ་བ་མཐའ་ཡས་པའི་དངོས་པོའི་མཚན་ཉིད་ཅན་ནི། འཁོར་ལོ་སྟེ་དེ་ཉིད་ཤེས་རབ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པའི་བདག་ཉིད་དོ། །འདི་དག་གཅིག་པ་ཉིད་ནི་དུས་ཀྱི་འཁོར་ལོ་སྟེ། རྒྱུད་ལས་ཀྱང་། མཐའ་ཡས་སངས་རྒྱས་ཞིང་རྣམས་ཞེས་སོགས་གསུངས་ཤིང་། དྲི་མེད་འོད་དུ་ཡང་། དུས་ནི་འགྱུར་མེད་བདེ་ཡེ་ཤེས། །ཐབས་དང་སྙིང་རྗེའི་བདག་ཉིད་དེ། །འཁོར་ལོ་ཤེས་བྱའི་རྣམ་འགྲོ་དཔལ། །ཤེས་རབ་སྟོང་ཉིད་བདག་ཉིད་དེ་ཞེས་གསུངས་སོ། །འདིས་ཤེས་པ་དང་ཤེས་བྱ་དབྱེར་མེད་པར་བསྟན་ཏོ། །དམིགས་པ་མེད་པའི་སྙིང་རྗེ་ཀུན་རྫོབ་གཟུགས་ཅན་ནི་དུས། དམིགས་པ་དང་བཅས་པའི་སྟོང་པ་ཉིད་རྡུལ་ཕྲ་རབ་མེད་པའི་ངོ་བོ་ནི་འཁོར་ལོ། དུས་ཀྱང་འདི་ཡིན་འཁོར་ལོའང་འདི་ཡིན་བས་དུས་ཀྱི་འཁོར་ལོ་ཏེ། འདི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པར་བསྟན་ནོ། །འགྲེལ་ཆེན་ལས། སྙིང་རྗེ་དང་ནི་སྟོང་ཉིད་སྐུ། །དུས་ནི་ཀུན་རྫོབ་གཟུགས་ཅན་མ། །སྟོང་ཉིད་འཁོར་ལོ་ཞེས་བརྗོད་དེ། །དུས་ཀྱི་འཁོར་ལོ་གཉིས་མེད་འདོད། །ཅེས་གསུངས་སོ། །གཞན་ཡང་། དུས་ཀྱི་འཁོར་ལོའི་མཚན་ཡི་གེ་རེ་རེའི་བཤད་པ་ནི། ཀ་ཡིག་གིས་ནི་རྒྱུ་ཞི་བ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་གིས་ནི་གཡོ་བའི་སེམས། །ཀྲ་ཡིག་རིམ་པ་བཅིངས་ལས་སོ། །ཞེས་པས། རྒྱུ་བྱང་ཆུབ་ཀྱི་སེམས་སད་པའི་གནས་སྐབས་སྐྱེད་པར་བྱེད་པ་ལུས་ཀྱི་ཐིག་ལེ། ཞི་བ་

53a

༄༅།       །ནི་སྒྲིབ་བྲལ་དུ་ཟད་པས་རྣམ་པ་དང་བྲལ་བ་སྟེ། དཔྲལ་བར་ལུས་ཀྱི་ཐིག་ལེ་འགགས་པ་སྤྲུལ་པའི་སྐུའོ། །རྨི་ལམ་གྱི་གནས་སྐབས་སྐྱེད་པར་བྱེད་པ། སྒྲིབ་བྲལ་དུ་ཟད་པ་ནི་ཐིམ་པ་སྟེ། མགྲིན་པར་ངག་གི་ཐིག་ལེ་འགགས་པ་ལོངས་སྤྱོད་རྫོགས་པའི་སྐུ། གཉིད་འཐུག་པོའི་གནས་སྐབས་སྐྱེད་བྱེད་གཡོ་ཞིང་འཕོ་བའི་ཆོས་ཅན་མུན་པས་ཤིན་ཏུ་ཟིལ་གྱིས་མནན་པའི་ཁམས་བཅོ་བརྒྱད་ཀྱི་རྣམ་འགྱུར་དང་ལྡན་བ་དེ་བཅིངས་པ་ནི་མུན་པ་དང་བྲལ་བའི་སྙིང་གར་སེམས་ཀྱི་ཐེག་ལེ་འགགས་པ་ཆོས་ཀྱི་སྐུའོ། །རིམ་པ་ནི་ལུས་ལ་སོགས་པའི་ཐིག་ལེ་འཕོ་བ་ཡིན་ལ། དེ་ལྷན་ཅིག་སྐྱེས་པའི་བདེ་བས་བཅིངས་པ་ནི། ལྟེ་བར་ཡེ་ཤེས་ཀྱི་ཐིག་ལེ་འགགས་པ་ལྷན་ཅིག་སྐྱེས་པའི་སྐུའོ། །དེ་སྐད་དུའང་། ཀཱ་ལ་ཙ་ཀྲའི་མངོན་བརྗོད་ཀྱིས། །གང་ལ་རྒྱུ་དང་མཚན་ཉིད་མེད། །ཅེས་སོགས་དང་། ཀ་སོགས་ཡི་གེ་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་ཞེས་སོགས་གསུངས་སོ། །བརྗོད་པར་བྱ་བ་དཔལ་དུས་ཀྱི་འཁོར་ལོ་རྗོད་པར་བྱེད་པའི་ཕྱིར་བརྗོད་བྱའི་མིང་གིས་ཉེ་བར་བཏགས་ནས་བསྡུས་པའི་རྒྱུད་ལ་ཡང་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱའོ། །ཞེས་བྱ་བ་ཞེས་པ་ནི། ནཱ་མ་ཞེས་པ་འཆི་བ་དང་མི་བཟོད་པ་ལ་སོགས་པའི་དོན་བཅུ་ལ་འཇུག་པར་གསུངས་ཀྱང་། འདིར་མིང་ལ་འཇུག་པ་སྟེ་མིང་དེ་སྐད་ཅེས་བྱའོ། །ཞེས་པའི་ཐ་ཚིག་གོ། །རྒྱུད་ནི། བརྗོད་བྱ་དོན་གྱི་རྒྱུད་དང་། རྗོད་བྱེད་ཚིག་གི་རྒྱུད་གཉིས་ལས།