(རྗོད་བྱེད་ཚིག་གི་རྒྱུད།)
གཉིས་པ་ནི། བཤད་སྦྱར་སྙིང་པོ་སྣང་བར། རྒྱུད་ཅེས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་བ་ལ་བརྟེན་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་འདིས་རྒྱུད་དུ་བྱ་ཞིང་། བྱེ་བྲག་ཏུ་རྟོགས་པར་བྱེད་པས་ན་རྒྱུད་དེ་གཞུང་བསྒྲིགས་པར་བརྗོད་པར་བྱའོ། །ཞེས་གསུངས་པ་བཞིན་བརྗོད་པར་བྱ་བ་རྒྱུད་གང་ཡིན་པ་དེ་གཞུང་གི་ཚོགས་སུ་བསྒྲིགས་ནས་རྒྱུན་ཆགས་པར་བརྗོད་པར་བྱེད་པས་ན་རྒྱུད་དོ། །རྒྱལ་པོ་ཞེས་པ་ནི། གཞན་པས་མཆོག་ཏུ་གྱུར་པ་དང་། གསལ་བ་དང་། གཞན་གྱིས་མི་རྫི་བ་དང་། མི་འཐུན་ཕྱོགས་འཇོམས་པའི་སྟོབས་དང་ལྡན་བ་དང་། རྒྱལ་སྲིད་ལ་དབང་སྒྱུར་བར་བྱེད་པ་དང་། འཁོར་མང་པོའི་ཕྱིར་རྒྱལ་པོ་ཞེས་བརྗོད་དེ། རྒྱུའི་རྒྱུད་ནི་རང་བཞིན་གྱི་འོད་གསལ་བས་མཆོག །ཐབས་རྒྱུད་ནི་ཐབས་མང་པོ་དང་དཀའ་བ་མེད་པ་ལ་སོགས་པས་མཆོག །འབྲས་བུའི་རྒྱུད་ནི་སྟོབས་བཅུ་མི་འཇིགས་པ་བཞི་ལ་སོགས་
པའི་ཡོན་ཏན་གྱིས་ཆེ་བས་ན་མཆོག །ཡང་རྒྱུད་གསུམ་པོ་དེ། ངོ་བོ་ཉིད་དང་། ཐབས་དང་མི་འཕྲོགས་པའི་ཡོན་ཏན་གྱིས་མཛེས་ཤིང་གསལ་བས་ན་རྒྱལ་པོ། རྒྱུ་རྒྱུད་རང་བཞིན་གྱིས་དག་པ་གློ་བུར་གྱི་དྲི་མས་མི་བརྫི་བ་དང་། ཐབས་རྒྱུད་གློ་བུར་གྱི་རྣམ་རྟོག་སྤོང་བས་རྒྱལ་པོ། འབྲས་རྒྱུད་རྣམ་རྟོག་ཐམས་ཅད་སྤངས་པས་དེས་མི་འཕྲོག་པའི་ཕྱིར་རྒྱལ་པོ། ཡང་རྒྱུད་གསུམ་པོ་དེ། མི་འཐུན་ཕྱོགས་འཇོམས་བྱེད་ཀྱི་ས་བོན་དང་། ཐབས་དང། མི་མཐུན་པའི་ཕྱོགས་མ་ལུས་པར་ལེགས་པར་བཅོམ་པའི་ཕྱིར་རྒྱལ་པོའོ། །ཡང་རྒྱུད་གསུམ་པོ་དེ་རྒྱུད་ཀྱི་བརྗོད་བྱ་ཡན་ལག་དང་བཅས་པ་ཐམས་ཅད་ལ་དབང་བྱེད་པའི་ཕྱིར་དང་། རེ་རེ་ལའང་བརྗོད་བྱའི་ཡན་ལག་དུ་མའི་འཁོར་དང་བཅས་པའི་ཕྱིར་རོ། །རྗོད་བྱེད་སྒྲའི་རྒྱུད་ནི་རྒྱུད་གཞན་རྣམས་སུ། རྡོ་རྗེའི་ཚིག་མི་གསལ་བ། སྦས་ཏེ་གསུངས་པ་ཐམས་ཅད་འདིས་ཤིན་ཏུ་གསལ་བར་སྟོན་པར་བྱེད་ཅིང་། རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པའི་མཚན་ཡང་དག་པར་བརྗོད་པས་འཁྱུད་པ་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པའི་རྒྱུད་ཡིན་བའི་ཕྱིར་རྒྱུད་གཞན་ཐམས་ཅད་པས་མཆོག་ཏུ་གྱུར་པས་རྒྱལ་པོ། ཐུན་མོང་བ་ཉི་ཟླ་གཟས་འཛིན་དང་སྐར་རྩིས་ལགས་པ་འཐུན་སྣང་དུ་གྲུབ་པ་དང་། དབང་བཅུ་གཅིག་དང་། བསྐྱེད་རིམ་ལྷ་རྣམ་དག་རིགས་པ་དང་མཐུན་པར་སྟོན་ཅིང་། རྫོགས་རིམ་ཡིད་ཆེས་པའི་མཚན་མ་གསུམ་དང་ལྡན་པར་སྟོན་པ། གཞན་ཐམས་ཅད་པས་མཛེས་ཤིང་གྲགས་པ་ཆེ་བས་ན་རྒྱལ་པོ། བདེན་པ་གཉིས་དང་ཡིད་ཆེས་གསུམ་ལ་བརྟེན་ནས་ཚད་མས་གྲུབ་པའི་ལམ་སྟོན་པས་ལྟ་བ་ངན་པ་དག་གིས་
༄༅། །བརྫི་བར་མི་ནུས་པའི་ཕྱིར་དང་། ཐབས་ཤེས་རབ་ཟུང་འབྲེལ་གྱི་ལམ་སྟོན་པར་བྱེད་པས་ཆད་སྟོང་དང་། རྟོག་བསྒོམ་དང་འཛག་བདེ་ལམ་དུ་འདོད་པའི་མི་མཐུན་ཕྱོགས་འཇོམས་པར་བྱེད་པའི་ཕྱིར་དང་། འདིར་རྒྱུད་ཐམས་ཅད་ཀྱི་རྡོ་རྗེ་ཚིག་གསལ་བར་སྟོན་པས། འདི་ཤེས་ན་རྒྱུད་ཐམས་ཅད་ཀྱང་བདེ་བླག་ཏུ་ཤེས་པས་རྒྱུད་གཞན་ཐམས་ཅད་ལ་དབང་བསྒྱུར་བར་བྱེད་བའི་ཕྱིར་དང་ཐུན་མོང་བ་རྩིས། དབྱངས་འཆར་འཁྲུལ་འཁོར་སྦྲུམ་མ་བདེ་བར་བཙའ་བ། སྤོས་སྦྱོར་བཅུད་ལེན་གསེར་འགྱུར་ལ་སོགས་པ་དང་། ཐུན་མོང་མ་ཡིན་བ་མངོན་ཤེས་སྒྲུབ་གཏེར་རྟག །འཆི་མེད་སྒྲུབ། ནད་སེལ་འཆི་བ་བསླུ་བ་ལགས་པ་དང་། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱིས་ཐབས་ཡན་ལག་གི་འཁོར་མང་པོ་སྟོན་པར་བྱེད་པའི་ཕྱིར་རྒྱལ་པོའོ། །