༄༅། །བཀའ་ཐང་སྡེ་ལྔ།
ལེའུ་དགུ་པ། བར་སྣང་གློག་མ་སྤྲིན་གསུམ་གྱི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་དགུ་པ། བར་སྣང་གློག་མ་སྤྲིན་གསུམ་གྱི་ལེའུ།)

དེ་ནས་བལ་མོ་ཀུན་ལ་ཀུན་ས་ཞི༔ གོ་ཏ་བི་རའི་གཙུག་ལག་ཁང་དུ་ཉལ༔ སྔས་སུ་ཀླུ་གྱོང་རྒོད་མ་ཁ༔ ཡིད་ལ་བསྲན་དང་དཔའ་བཞག་ནས༔ བདུད་རླུང་འཚུབ་མ་ནག་པོར་བརྫུས༔

1-18b

བལ་མོ་ཀུན་ལ་ཀུན་ཞིའི་ཁོང་པར་སོང་༔ དབང་པོ་སྙིང་གི་བུ་གར་ཞུགས༔ དཀར་ནག་སྙིང་གི་མཚམས་སུ་ཉལ༔ ལྷ་གཅིག་ཀུན་ལ་ཀུན་ས་ཞིའི༔ ལག་པ་མང་པོས་སྟོད་ནས་འཁྱུད༔ རྐང་པ་མང་པོས་སྨད་ནས་འཁྱུད༔ ཀླུ་གྱོང་གདུག་པས་དབང་དུ་བསྡུས༔ སང་གི་ནམ་ལངས་གུང་སངས་ནས༔ ཀུན་ལ་ཀུན་ཞི་སྙིང་མ་དགའ༔ ལུས་པོ་འདར་ལ་ཕྱོད་ཕྱོད་ཁྱེར༔ བལ་མོ་ཤཱཀྱ་དེ་བ་ལ༔ མ་གཅིག་སེམས་ཀྱི་སྒྲོམ་བུ་མ༔ མདང་གསུམ་ཉལ་བའི་རྨི་ལམ་ངན༔ འཚུབ་མ་མང་པོས་བདག་གཡོགས་ནས༔ ཡུལ་འདི་མིག་གིས་མ་མཐོང་བར༔ གཞན་དག་ཅིག་ཏུ་ཁྱེར་བར་རྨིས༔ ད་ནང་སད་ནས་སྙིང་མ་དགའ༔ ལུས་ཀྱང་ལྕི་ལ་སེམས་ཀྱང་འཕྱོ༔ ཅི་ལགས་མ་གཅིག་བཤད་དུ་གསོལ༔ བལ་མོ་ཤཱཀྱ་དེ་བས་ལན་གསུངས་པ༔ ལྷ་གཅིག་ཀུན་ལ་ཀུན་ས་ཞི༔ ང་དང་ལྷན་ཅིག་མི་འདུག་པར༔ བུད་མེད་བྱ་བ་ངན་ལས་བྱེད༔ བུད་མེད་བྱ་བ་སྲིན་གྱི་རིགས༔ བུད་མེད་བྱ་བ་

1-19a

༄༅༔       ༔དམྱལ་བའི་རྒྱུ༔ ཐར་པའི་ལམ་ལ་འཛེག་པ་དང་༔ འཁོར་བའི་རྒྱུན་ལམ་འབབ་པ་གཉིས༔ འདོད་དུ་་་་ཆུང་བ་མ་ཤོར་རམ༔ རྨི་ལྟས་དེ་ཀུན་ངན་པ་ཡིན༔ ཉམས་སྐོངས་བཤགས་པ་རེམས་ལ་གྱིས༔ སྔགས་དང་མཆོད་གཏོར་འཕྲོ་མ་གཅད༔ མེ་ཏོག་སྣ་དགུ་ལག་གིས་འཐུས༔ བལ་ཡུལ་ཨེ་ཡི་གཙུག་ལག་ཁང་༔ གོ་ཏ་བི་རའི་གཙུག་ལག་ཁང་༔ འཕགས་པ་ཤིང་ཀུན་གཙུག་ལག་ཁང་༔ མཆོད་འབུལ་སྐོར་བ་གུས་ཕྱག་འཚལ༔ ལས་ཀྱི་སྒྲིབ་པ་མྱུར་དུ་འདག༔ བདུད་ཀྱིས་བསླུས་པར་མི་འགྱུར་རོ༔ ཀུན་ལ་ཞི་མོ་དད་པ་སྐྱེས༔ ཚལ་ནགས་མེ་ཏོག་འཐུ་རུ་ཕྱིན༔ ཕོ་བྲང་ཡིད་དགའི་མཚོ་ཆུ་ནས༔ ཀླུ་ཡི་ལོངས་སྤྱོད་བསམ་མི་ཁྱབ༔ བར་སྣང་ཁམས་ཀྱི་གློག་མ་སྤྲིན༔ ལྷ་ཅིག་ཀུན་སའི་དྲུང་དུ་འོངས༔ བདག་ནི་ཀླུ་སྲས་སྐྱེས་དང་རྒྱུ༔ དྲེགས་དང་ཕྲག་དོག་དང་ལྡན་ལ༔ ཤེས་རབ་གཞན་ཅིང་ལོག་ལྟ་མང་༔ ལས་ངན་ལ་སོགས་ཀུན་ལ་དགའ༔

1-19b

ཡུལ་འདིར་ཀུན་ས་ཞི་ཁྱོད་འདུག༔ ང་ནི་ཤིན་ཏུ་འཕངས་པའི་སེམས་སྐྱེས་ནས༔ དེ་ནས་ད་ལྟ་བསུ་རུ་འོངས་པ་ཡིན༔ ཇི་སྲིད་གསོན་བྲལ་མི་བྱེད་གཤིན་བྲལ་བྱེད༔ ཁྱོད་མིན་གཞན་ལ་མངོན་པར་མི་དགའ་བས༔ ང་ཡི་རྟ་གཞུག་འདི་ལ་ཁྱོད་ཞོན་དང་༔ ང་ལ་སྐྱིད་པའི་ཡུལ་ཡོད་རང་ཅག་གཤེགས༔ ལྷ་ལྕམ་རྟ་གཞུག་ཞོན་ནས་བྲོས་ཏེ་ཕྱིན༔ སྙིང་དུ་འདྲེ་གདོན་བགེགས་དང་བདུད་ཞུགས་པས༔ ཤིན་ཏུ་ཡང་དག་ཚུལ་གྱི་བདག་ཉིད་ཅན༔ སྐྱེས་པ་དེ་ལས་བཟང་གིན་མཛེས་པ་མེད༔ བལ་པོའི་ཡུལ་ལ་ཕྱིར་བལྟས་མ་དགའ་སྟེ༔ སྙིང་དུ་སྡུག་ན་གློག་མ་སྤྲིན་ནའང་སྤྲིན༔ ཡིད་ཀར་འོང་ན་ཀླུ་གྱོང་ན་ཡང་གྱོང་༔ སྐྱིད་པོ་བྱུང་ན་རྒོད་མ་ཁ་ནའང་ཁ༔ གང་མི་སླུ་བ་དེ་ནི་བག་པོའོ༔ གློག་མ་སྤྲིན་དང་འགྲོགས་པས་སྤུངས་པ་སྐྱེས༔ བལ་མོ་ཚ་རོང་ཆུ་མིག་བྱང་ཆུབ་རིར༔ མེ་ཏོག་པདྨ་དགུན་སྐྱེས་བྱ་བའི་གནས༔ ཨོ་རྒྱན་པདྨ་འབྱུང་གནས་སྐུ་སྙོམས་མཛད༔ སྲོད་དུས་

1-20a

༄༅༔       ༔སྐུ་ཉམས་སྤུངས་པ་གཅིག་བྱུང་ནས༔ ཕྱག་གིས་བཟུང་ནས་དབུ་ཞྭའི་ནང་དུ་གཏུམས༔ ཕྱག་རྒྱས་དེ་བསྡམས་ནང་པར་གཟིགས་ཙ་ན༔ སྤུངས་པ་མི་ཡི་བུ་མོ་མི་འདྲ་བ༔ ལྷ་ཡི་སྲས་མོ་འདྲ་བ་བཞི་བྱུང་ནས༔ སློབ་དཔོན་ཁྱེད་རྣམས་སུ་ཡིན་བཀའ་སྩལ་པ༔ བདག་ཅག་མི་ཡི་བུ་མོ་མ་ཡིན་ཞིང་༔ ས་བདག་མཚོ་ཆེན་བཞི་ཞེས་བྱ་བ་ཡིན༔ སྔར་ཡང་མི་ཕྱུགས་མང་པོའི་སྲོག་ལ་དབང་༔ ད་ཡང་དེ་ལྟར་དབང་བྱེད་དབང་བསྐུར་གསོལ༔ སློབ་དཔོན་ཞུས་པ་བཞིན་དུ་མ་གནང་སྟེ༔ བསེ་ཡི་ལྷ་མོ་མཆེད་བཞི་དང་༔ དཀར་ཤམ་མ་བཞི་མ་མོ་འདྲེ་ཀ་བཞི༔ མཚན་གསོལ་མིང་བཏགས་ལག་ཏུ་རྡོ་རྗེ་སྦྱིན༔ རྡོ་རྗེ་ཕུར་པའི་སྲུང་མར་དབང་བསྐུར་རོ༔ མ་མོ་རྣམས་ཀྱིས་མགྲིན་གཅིག་བསྟོད་པ་ནི༔ ཨེ་མ་ཧོ༔ སེམས་ཅན་ཐམས་ཅད་རྗེས་སུ་བཟུང་བའི་དོན༔ དུས་གསུམ་འགྱུར་མེད་ནམ་མཁའ་ལྟ་བུའི་སྐུ༔ འགྲོ་འདུལ་གསུང་དབྱངས་མཁའ་

1-20b

ལ་འབྲུག་སྒྲ་སྒྲོག༔ བྱིན་རླབས་ཆར་གྱིས་སེམས་ཅན་སྨིན་མཛད་པའི༔ རྒྱལ་སྲས་པད་འབྱུང་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཁས་བླངས་དམ་བཅས་སོ༔ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཀླུ་གྱོང་པོ་དང་༔ གནོད་སྦྱིན་རྒོད་མ་ཁ༔ བར་སྣང་གློག་མ་སྤྲིན་གསུམ་གྱི་ལེའུ་སྟེ་དགུ་པའོ༔       ༔ཐྲཐཉྲརྦྱ།རྦྱ།༔