༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་བཞི་པ། བལ་ཡུལ་ཡང་ལེ་ཤོད་དུ་ཕུར་པ་ཕེབས་པས་ལྷ་འདྲེས་ཞེ་བསྙགས་བྱུང་བའི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་བཅུ་བཞི་པ། བལ་ཡུལ་ཡང་ལེ་ཤོད་དུ་ཕུར་པ་ཕེབས་པས་ལྷ་འདྲེས་ཞེ་བསྙགས་བྱུང་བའི་ལེའུ།)

དེ་ནས་དགེ་བསྙེན་ཆེན་པོ་ཁ་རི་དང་༔ གནས་པོ་ཆེན་པོ་བ་སླ་དང་༔ གནས་པོ་ཆེན་

1-32b

པོ་ཟེ་སྔོན་དང་༔ དགེ་བསྙེན་ཆེན་པོ་སྙོན་དགའ་བཞིས༔ ཀླུ་གྱོང་པོ་དང་གནོད་སྦྱིན་རྒོད་མ་ཁ༔ བར་སྣང་གློག་མ་སྤྲིན་ལ་གྲོས་བཏབ་པ༔ ཟ་མ་བུད་མེད་མིན་པས་འཕུང་མི་གཡོ༔ རྟ་ཡོ་མ་མིན་པས་ཚངས་མི་ནུས༔ ནོར་བརྐུས་ནོར་མིན་པས་སྲོག་མི་སྐྱེལ༔ ཚོད་མེད་འཕམ་པ་མིན་པས་རྒྱལ་མི་ཟིན༔ རྒྱུས་མེད་ཙབ་ཙུབ་མངས་ན་འབུབ་པའི་རྒྱུ༔ པདྨ་འབྱུང་གནས་ཀྱི་ནི་ངོ་མི་ཐུབ༔ ཕུར་པའི་དབལ་ནི་སུས་ཀྱང་མི་བཟོད་པ༔ དཔེར་ན་ནམ་མཁའི་ཐོག་བབས་ལྟ་བུས་མཚོན༔ གང་ལ་ཕོག་པ་རྡུལ་ཕྲན་ལྟར་གཏོང་ན༔ ལྷ་འདྲེའི་སྲིད་ནི་ཞིག་ནའང་ཞིང་༔ དབེན་ཞིང་ཉམས་དགའི་གནས་སུ་མི་ཚུགས་མོད༔ ཅེས་སྨྲས་ནས་སོང་ངོ་༔ ཀླུ་གྱོང་པོ་དང་གནོད་སྦྱིན་རྒོད་མ་ཁ༔ གློག་མ་སྤྲིན་གསུམ་གྲོས་བྱས་ཏེ༔ གྲོས་འཆམ་བྱང་ཕྱོགས་གེ་སར་ཁྲོམ་གྱི་ཡུལ༔ ཡི་དྭགས་པྲེ་ཏ་པུ་རི་བོད་ཀྱི་ཡུལ༔ དེ་ཡི་ནང་ནས་གདུག་པ་ཅན་གྱི་ཡུལ༔ དྭགས་པོ་ཀོང་པོ་ཉང་པོ་གསུམ་གྱི་ཡུལ༔ ནག་པོ་བདུད་དང་ཆ་ལུགས་

1-33a

༄༅༔       ༔མཐུན་པའི་ཡུལ༔ ཀོང་ཡུལ་སྲིད་དབང་ཆེ་བ་ཀོང་རྗེ་དཀར་པོ་སྐུངས༔ རྒྱ་ལག་ཐོད་རྗེ་ཀོང་ཡུལ་སྲིད་དམག་གཅོད༔ ཉང་སྲིད་ཀོང་སྲིད་དྭགས་སྲིད་དམག་སྡེ་གཅོད༔ ཀོང་རྗེ་དཀར་པོས་དམག་གི་གྲོས་བྱས་པ༔ བདུད་ཤོར་བ་སྐྱ་བདུད་མདུན་དུ་བཀུག༔ གྱོང་པོའི་དམག་ཚོགས་འབུམ་སྡེ་ཀོང་ཡུལ་ལྷགས༔ ཀོང་པོ་ཐམས་ཅད་འཇིགས་ཤིང་སྐྲག་པར་གྱུར༔ ཀོང་རྗེ་དཀར་པོས་དམག་ལ་ལན་སྦྱར་བ༔ སྔར་ནས་མ་མཐོང་དམག་ཚོགས་གང་དུ་གཤེགས༔ དེ་ལ་ཀླུ་གྱོང་རྒོད་མ་ཁ་དང་ནི༔ བར་སྣང་གློག་མ་སྤྲིན་གསུམ་ལན་བཏབ་པ༔ ངེད་ནི་ལྷ་མ་སྲིན་རྣམས་འདུས་པའི་དམག༔ ཀོང་རྗེ་ཉིད་དང་སྲིད་ལ་འོངས༔ ངེད་ཀྱི་ལྷ་གཅིག་ཀུན་ས་ཞི༔ ངེད་གསུམ་ཐོབ་པ་པད་འབྱུང་ཕྲོགས༔ དགྲ་མ་ཐུབ་པས་ཁྱོད་ལ་སྐྱབས༔ ཁྱེད་རྣམས་འཇིགས་སྐྲག་མི་དགོས་ཀྱི༔ ངེད་ཅག་བདུད་ཀྱིས་ཁོ་མ་ཐུབ༔ བདུད་དམག་མང་པོ་གྲོས་བྱས་པས༔ མི་ཡི་གཉེན་པོར་མི་ཉིད་ཡིན༔ གཉལ་ལ་ཀ་བཞི་གདུང་

1-33b

དྲུག་ཡོད༔ སྟོད་ན་བྱ་དང་གཉོས་གཉིས་དམག་སྲིད་གཅོད༔ སྨད་ན་གཉི་བ་ཐག་སྡེ་དམག་སྲིད་གཅོད༔ བར་ན་རོག་དང་རོ་རྗེ་དམག་སྲིད་གཅོད༔ གདུང་དྲུག་དམག་གིས་པད་འབྱུང་གསོད་པར་ངེས༔ ཤོ་ཆོས་གཉིས་དང་ཡོ་ལ་སྟོང་གླིང་གིས༔ ཀ་བཞིའི་དམག་བརྒྱབ་ཤམ་པོ་གངས་ཞོལ་འཇོག༔ གཡེ་མོ་ཡུལ་དྲུག་མཁར་བཞིའི་ས་འགག་སྡོམ༔ ལོ་རོ་མི་སྡེ་ཆེན་པོ་དྲུག༔ སྟོད་ན་གྲུ་དང་གྲུམ་གཉིས་དམག་སྲིད་གཅོད༔ བར་ན་གྲོ་དང་ཉང་གཉིས་དམག་སྲིད་གཅོད༔ སྨད་ན་གདུག་དང་སྐྲག་གཉིས་དམག་སྲིད་གཅོད༔ ལྷོ་བྲག་ཡ་བརྒྱད་གདུག་པ་ཅན་གྱི་ཡུལ༔ དགེ་བསྙེན་སྙོན་དགའ་བྲོས་སོང་ཡང་༔ གནོད་སྦྱིན་རྒོད་མ་ཁ་ཡིས་བཀུག་པས་ཁུགས༔ ཡར་འབྲོག་སྒང་གསུམ་དམག་སྡེ་སྲིད་དུ་གཅོད༔ མུ་ཏིག་སྤ་མ་གོང་དུ་རྫོང་རྩིག་འཇུག༔ ཕོ་ལྕོག་བྲག་ལ་དམག་སྒར་འདེབས༔ ཡར་མོ་སྣ་བ་བཞི་པོ་དམག་སྲིད་གཅོད༔ རྒྱ་མཚོ་ཡར་གསུམ་མར་གསུམ་དམག་དཔོན་པ་ལ་བོས༔ བར་སྣང་གློག་

1-34a

༄༅༔       ༔མ་སྤྲིན་གྱིས་བོས་པས་འོང་༔ དེ་སྐད་གྱོང་པོ་ཀླུ་ཡིས་སྨྲས་པ་དང་༔ ཀོང་རྗེ་དཀར་པོ་དམར་པོ་ནག་པོ་གསུམ༔ དམག་ཚོགས་མང་པོ་ཚུར་ཉོན་དང་༔ འདི་དང་ངེད་གསུམ་འཐབ་ཡུན་ཤིན་ཏུ་རིང་༔ སྔོན་དུས་རུ་ཏྲ་ཐར་པ་ནག་པོ་ཡིས༔ ལས་ཀྱི་སྐྱེ་བ་ངན་པ་སྟོང་ཉམས་ནས༔ སྐྱེ་བ་བརྒྱད་ཁྲི་ཚན་པ་གསུམ་དུ་བླངས༔ སྐྱེ་ངན་སྐྱེ་ཆུང་གཤེད་པོས་བསད་པའི་ལུས༔ དཔག་ཏུ་མེད་པ་བླངས་པའི་ཕྱི་མ་ནི༔ སྲིན་ཡུལ་ལང་ཀ་པུ་རིའི་སྨད་འཚོང་མ༔ ཀུན་ཏུ་རྒྱུ་ཡི་བུ་རུ་སྐྱེས་པའི་དུས༔ འཇིག་རྟེན་ཁམས་རྣམས་དབང་དུ་བསྡུས་པ་ཡིན༔ དམ་པ་ཏོག་དཀར་གྱིས་ཀྱང་མ་ཐུབ་པར༔ པད་འབྱུང་རྟ་ཕག་གཉིས་སུ་སྤྲུལ་ནས་བཏུལ༔ ངེད་ཀྱང་ཀོང་པོ་དགོས་པ་བྱུང་བ་ཡིན༔ རྫུས་སྐྱེས་ཡིན་ན་ལྷ་འདྲེ་ཡེ་མི་ཐུབ༔ མངལ་སྐྱེས་ཡིན་ན་ཇི་ལྟ་བུ་ཡང་ཐུབ༔ རྫུ་འཕྲུལ་ཐབས་ཀྱིས་ཅི་སོད་མ་བྱས་ན༔ རྣོ་བའི་མཚོན་གྱིས་འདི་ནི་ཡེ་མི་གསོད༔ དྲག་པོའི་དམག་ཚན་ཆེ་ཡང་ཁོ་མི་ཐུབ༔ པད་

1-34b

འབྱུང་རྫུ་འཕྲུལ་ཐབས་ཀྱིས་བསད་དོ་ཟེར༔ ཀོང་རྗེ་མཆེད་གསུམ་གྲོས་ལ་བསྡུས་ཏེ་འཆམ༔ བལ་ཡུལ་ཡང་ལ་ཤད་དུ་ཕུར་པ་ཕེབས་བས་ལྷ་འདྲེའི་ཞེ་བསྙགས་བྱུང་བའི་ལེའུ་སྟེ་བཅུ་བཞི་པའོ༔       ༔ཐྲཐཉྲརྦྱ།རྦྱ།༔