༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་དགུ་པ། ཐེའུ་བྲང་བཏུལ་པའི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་བཅུ་དགུ་པ། ཐེའུ་བྲང་བཏུལ་པའི་ལེའུ།)

དེ་ནས་ཁ་ལ་བྲག་རིར་བྱོན་ཙ་ན༔ བཙན་རྣམས་ཐམས་ཅད་འདུས་ནས་ཁེངས་ལོག་བཤོམ༔ བདུད་རྣམས་ཐམས་ཅད་འདུས་ནས་ཁེངས་ལོག་བཤོམ༔ ལྷ་བཙན་རིགས་བྱེད་མང་པོ་དང་༔ ཀླུ་བཙན་རིགས་བྱེད་མང་པོ་དང་༔ བདུད་བཙན་རིགས་

1-57a

༄༅༔       ༔བྱེད་མང་པོ་དང་༔ གཟའ་བཙན་རིགས་བྱེད་མང་པོ་དང་༔ ཡ་བདུད་རིགས་བྱེད་མང་པོ་དང་༔ ཀླུ་བདུད་རིགས་བྱེད་མང་པོ་དང་༔ མ་བདུད་རིགས་བྱེད་མང་པོ་དང་༔ བར་ཆད་བྱེད་པའི་གདོན་བགེགས་མང་༔ འོ་དོད་སྒྲ་དང་ཏུག་ཆོམ་ཆེ༔ མཚོན་ཆ་མང་པོ་ཟིངས་སེ་ཟིངས༔ རྟ་པ་མང་པོ་ཇག་ལ་ཆས༔ ཁྱི་ར་མང་པོས་རི་དྭགས་བཤོར༔ སྐྱ་ཤར་ཁྲོམ་དང་དམག་མིའི་ཁྲོམ༔ འཇིག་རྟེན་ཕུང་བྱེད་དམག་གཡོས་བྱེད༔ བདུད་ནག་གཡབ་དོར་ལིངས་སེ་ལིངས༔ བདུད་མོ་མང་པོ་གདུང་བའི་གླུ་རྒྱང་ལེན༔ ལས་སུ་དམག་ཆས་ཞུབ་ཅན་འབུམ༔ གཡོག་མོ་མང་པོ་དཔོན་ལ་བརོ༔ རྒྱལ་ཁམས་ཁུ་གཉགས་གཉིས་ཀྱིས་བཟུང་༔ དགྲ་ཇག་རྐུན་མས་ལམ་འཕྲང་རྩུབ༔ འགྲོ་སྦས་མི་འཆམ་འཁྲུག་པ་བྱེད༔ ཞེ་སྡང་ཟིང་རྩུབ་གསོད་འཕྲོག་དར༔ མདའ་མདུང་གྲི་སྒྱོགས་རྡོ་ཕུབ་དལ་དུས་མེད༔ རྒྱལ་ཁམས་ཐམས་ཅད་འཁྲུགས་ཏེ་ཉེ་ཚེ་བ༔ རྒྱལ་པོ་ཁྲི་

1-57b

སྲོང་ལྡེའུ་བཙན་གྱིས༔ ཡབ་མེས་རྣམས་ཀྱི་རྡོ་རིངས་ཡི་གེ་གཟིགས༔ རྒྱལ་ཁམས་བདེ་བའི་ཐབས་ཤིག་བྱ་དགོས་བསམ༔ མི་ནད་ཕྱུགས་ནད་མུ་གེ་མེད་ཐབས་བྱ་དགོས་བསམ༔ ཡབ་ཀྱི་བླ་མཁྱེན་སྦྲང་སྟོན་ཁུ་ལུ་ལ༔ གབ་རྩེ་སུམ་བརྒྱ་དྲུག་ཅུའི་རྩིས་སུ་བརྩིས༔ སྡེ་བརྒྱད་ཁེངས་ལོག་ཡིན་པ་རྩིས་ལ་ཤར༔ ས་བདག་ཀླུ་གཉན་སྤྲུལ་པའི་ཕོ་ཉར་འགྱེད༔ འཇིག་རྟེན་ཁམས་སུ་དལ་ཡམས་འཁྲུག་པ་གཏོང་༔ ལྷ་ཁང་མཆོད་རྟེན་བཞེངས་དང་ལྷ་སྐུ་བཞེངས༔ འཆད་གྲྭ་སྒྲུབ་གྲྭ་སློབ་གྲྭ་ཁྲིམས་བཅས་ནས༔ ཆོས་ཀྱི་བསྟན་པ་བཙུགས་ན་བདེ་བར་ཤར༔ དེ་ནས་མོ་མ་པྲ་སེ་ན་དང་ནི༔ ལྟས་མཁན་མོ་མས་མོ་་་ཕྱྭ་བཏབ༔ ཀུན་ཀྱང་ཁ་འཆམ་ཕྱག་རིས་ལ༔ བོད་ཁྲིམས་འཆོས་པར་སྔ་བ་ཁ་ཆེའི་ཡུལ༔ ཁྲིམས་ཀྱི་མཁན་པོ་བྱི་ཏ་དྷ༔ བྷ་ར་ཧི་ཏ་ཧ་ནུ་གཉིས༔ སྤྱན་དྲངས་བོད་དུ་ཁྲིམས་བཅོས་པ༔ མ་བྱིན་ལེན་དང་མི་ཚངས་སྤྱོད༔ སྲོག་གཅོད་པ་གསུམ་སྡོམ་དགོས་གསུངས༔

1-58a

༄༅༔       ༔ངག་འཁྱལ་ཚིག་རྩུབ་ཕྲ་མ་རྫུན༔ བརྣབ་སེམས་གནོད་སེམས་ལོག་ལྟ་བཅུ༔ མི་བདེའི་རྩ་བ་འདི་བཅུས་ལེན༔ མཁན་པོ་ཞལ་འཆམ་ཡིད་མ་ཆེས༔ བོད་ལ་ལོངས་སྤྱོད་མི་འོང་རྒྱལ་བློན་མཐུན༔ ཁ་ཆེ་ཨ་ནན་ཏ་དང་རབ་གསལ་བཀུག༔ མི་དགེ་བཅུ་སྤོང་སྔར་དང་མཐུན༔ སིང་གྷ་ལ་ཡི་རྒྱལ་པོ་དྷ་ན་ཤྲཱི༔ ལི་ཡི་ཡུལ་ནས་མཁན་པོ་ཡི་བཞུའོ༔ སྤྱན་དྲངས་མི་དགེ་བཅུ་སྤོང་སྔར་དང་མཐུན༔ མཁན་ཆེན་སྡེ་ལྔ་མཐུན་ཀྱང་ཡིད་མ་ཆེས༔ ཟ་ཧོར་མཁན་པོ་བོ་དྷི་ས་ཏྭ་བོས༔ མི་དགེ་བཅུ་སྤངས་དགེ་བཅུ་སྒྲུབ་དགོས་གསུངས༔ བསམ་ཡས་ས་བཙལ་བྱིན་བརླབས་ས་མ་ཐུལ༔ རྫུས་སྐྱེས་པདྨ་ས་བྷ་ལུང་དུ་བསྟན༔ སུམ་སྟོང་ལོན་ནས་བོད་ཡུལ་དབུས་སུ་འོངས༔ བདུད་ཆེན་མྱོས་བྱེད་འབོག་བྱེད་དང་༔ བདུད་ཆེན་རྒྱལ་བྱེད་སྡིགས་མཛུབ་གཡས་ལ་དཀྲིས༔ ཀོང་པོ་རྟ་བར་ཀོང་འཕྲང་མདའ་འཕྲང་བོར༔ ལྷ་བཙན་དམ་ལ་བཏགས་ཏེ་གཏེར་

1-58b

གཉེར་བཅོལ༔ པཎ་ཆེན་ཤྲཱི་མཉྫུར་གསང་མཚན་གསོལ༔ གནས་པོ་ཟེ་སྔོན་དམ་ལ་བཏགས༔ གཏེར་ཁ་བཅུ་གཅིག་གཏེར་གཉེར་བཅོལ༔ དེ་ནས་གཡའ་རི་གོང་དུ་བྱོན༔ ཐེའུ་བྲང་ཐལ་འགོང་མང་པོས་བསུ་བ་བྱས༔ འཛམ་བུ་གླིང་གི་ཆང་རིགས་ཐམས་ཅད་བསྡུས༔ འབྲུ་ཆན་རིགས་བྱེད་མ་ལུས་པ༔ ཤིང་ཏོག་རིགས་བྱེད་མ་ལུས་དང་༔ ཤ་མོ་སྨུག་ཤ་དཀར་ཤ་སེར་ཤའི་རིགས༔ ལ་ཉུང་གང་སྲུབས་ཙོང་སྒོག་བྲག་སྒོག་རིགས༔ སྒོག་རྩེ་ཤ་བ་རྩེ་དང་བཙོང་རིགས་སྒོག༔ སྒོ་ང་ཉ་དང་ཤ་རིགས་རི་ཀླུང་མེད༔ ནོར་གྱི་རིགས་བྱེད་མ་ལུས་སྣ་ཚང་བ༔ ཐེའུ་བྲང་སྡེ་བརྒྱད་དཔག་ཚད་རྒྱང་གྲགས་སྤུངས༔ ཉི་མའི་ཟེར་ནི་ཆུ་བུར་མིག་ཕོག་བཞིན༔ སློབ་དཔོན་སྐུ་ལ་བལྟ་མི་བཟོད་པར་འཁུམས༔ སྐད་ཐོས་ཙམ་ན་འཇག་ཞུག་ཞུག་བཏགས་སྐྱོར༔ ལུས་འདར་མིག་འཕང་དམད་ནས་འདུག༔ ལྷ་འདྲེས་མངའ་གསོལ་ཨོ་རྒྱན་པདྨ་འབྱུང་༔ མཁྱེན་བཞིན་ཐེའུ་

1-59a

༄༅༔       ༔བྲང་རྣམས་ལ་འདི་སྐད་བཀའ་སྩལ་པ༔ འདིར་མཆིས་ཀ་ཅ་ཁྱོད་ཚོས་ག་ནས་ཁྱོངས༔ ཐེའུ་བྲང་སྡེ་བརྒྱད་མགྲིན་གཅིག་ཏུ་སྨྲས་པ༔ ཨུཾ༔ ཐམས་ཅད་ཁྲོས་པའི་རྒྱལ་པོ་ཧེ་རུ་ཀ༔ དྲག་པོའི་གདོངས་ཅན་ལྷ་འདྲེ་ཟིལ་གྱིས་གནོན༔ བརྗིད་པའི་སྐུ་ཡིས་སྣང་སྲིད་བྲན་དུ་འཁོལ༔ གཟི་མདངས་ཡོན་ཏན་ཕུན་སུམ་ཚོགས་ལ་བསྟོད༔ བདག་ཅག་རྔོ་མི་ཐོགས་པའི་ཚོགས་སྣ་རྣམས༔ འཛམ་བུ་གླིང་གི་དབུས་ཀྱི་རྡོ་རྗེ་གདན༔ རོལ་མཚོ་འདུས་པ་མལ་གྲོའི་ཕྱོགས་མཚམས་ནས༔ ཕོ་ཉ་སྤྲུལ་པ་བཀྱེ་ནས་བསྒྲུབས་པ་བདོག༔ མ་རྟོགས་མ་རིག་སྒྲིབ་ཅན་ཐེའུ་བྲང་རྣམས༔ ཉོན་མོངས་འཁྲུལ་པའི་སྡུག་བསྔལ་ལས་ཀྱིས་བཅིངས༔ སྲིད་པ་ཐོག་མ་ལས་བྱུང་རྐུ་འཕྲོག་སློང་༔ ཆ་ལུགས་ངན་པས་གཞུག་མ་མགོ་ལ་བཏགས༔ ལས་ཀྱི་མི་རྣམས་གསོག་པའི་འདོད་པོ་ཆེ༔ མི་དགེ་བཅུར་སྤྱོད་དགེ་བཅུའི་སྤྱོད་པ་འཇོམས༔ ཨོ་རྒྱན་པདྨའི་སྐུ་ལ་

1-59b

མཐོལ་ལོ་བཤགས༔ ཅི་བགྱིས་བཀའ་བཞིན་སྒྲུབས་པས་དགོངས་པ་གློད༔ ཅེས་གསོལ་པ་དང་༔ སློབ་དཔོན་གྱིས་ཀ་ཅ་རྣམས་ལ་ཚོགས་བརྒྱ་མཛད༔ ཐེའུ་བྲང་སྡེ་བརྒྱད་དམ་ལ་བཏགས་ནས་ལུང་བསྟན༔ འདི་ན་འདུག་པའི་ཐེའུ་བྲང་ཡེ་ཤེས་གྲགས༔ འཁྲུལ་བའི་བག་ཆགས་ཕྱིན་ཅི་ལོག་པ་ལས༔ བསྟན་གཉིས་ཟུང་འཇུག་འདུག་པའི་དོན་མ་རྟོགས༔ ཉོན་མོངས་དབང་གིས་ཆོས་ལ་མཐོ་ནོན་ཤོར༔ ཡ་མ་ཟུང་གིས་འཛམ་གླིང་དབང་བྱེད་ཅིང་༔ ཆོས་སྤོང་ལ་སོགས་ཆོས་བྱེད་མཁྱེན་རྒྱ་ཅན༔ ཧྲི་ཡ་ར་ཛ་མདོ་རྒྱུད་ཁྲེལ་བས་ཤིང་༔ འདི་ན་མཆིས་པའི་གནམ་ཐེའུ་དཀར་པོ་ཁྱོད༔ ཟིན་མེད་ལས་བྱེད་ཁྱི་ཤ་འབུང་བའི་ལུས༔ ངན་སོང་སོ་ནམ་བྱེད་པའི་རྒྱལ་པོར་སྐྱེས༔ རླབས་ཆེན་མི་འཇིགས་དཔའ་རྩལ་མི་སྲོག་ལེན༔ འ་ལ་འུ་ལའི་འུར་ཆེམ་བོད་དུ་སྒྲོག༔ སེ་ཆེན་ཧུ་ལ་ཨ་མོ་ཀ་སྲིད་གཏིང་༔ སྲིད་པ་མྱུལ་བ་བདུད་ཀྱི་བསྟན་པ་བྱུང་༔ འགྱུར་ཞིང་མི་རྟགས་ས་ཧོར་ངན་འགྲོར་འགྲོ༔

1-60a

༄༅༔       ༔གླིང་ལོག་ཆེན་པོ་ནམ་མཁའི་དབྱིངས་ནས་ལྡིང་༔ ས་ཧོར་ས་མཚམས་ཐེམ་པར་ཟུག་པའི་དུས༔ གོམ་གསུམ་ཕྱིན་ན་དགྲ་དང་འཕྲད་པའི་དུས༔ ཚིག་གསུམ་སྨྲས་ན་མི་བདེན་ཟེར་བའི་དུས༔ གུ་རུ་རྒྱལ་པོ་དམིགས་པའི་རྨིས་ལྟས་བཟུང་༔ འབྲུག་མགོ་ལག་རྟགས་གནམ་ས་བྲག་ལ་བཏབ༔ སྔོན་གྱི་ལས་འཕྲོས་བསྟན་པ་མཐའ་རུ་བཞག༔ སྲིན་པོ་ངོ་དམར་གཟུགས་ཅན་རྔོན་པའི་དགྲ༔ ཐེའུ་བྲང་བརྒྱད་པའི་དུར་ས་དབུས་སུ་འབྱུང་༔ ཡི་དྭགས་མི་མངོན་ཕག་གི་གནོད་པ་འགེགས༔ མི་རྣམས་སྤྱོད་ངན་མཚམས་མེད་ལས་བྱེད་ཅིང་༔ རྣལ་འབྱོར་ཡང་དག་དོན་ལ་གནས་པ་ལ༔ བར་ཆད་བདུད་དང་རུ་ཏྲའི་གནོད་བ་འབྱུང་༔ ལྷ་འདྲེ་བཀའ་ཡི་ཐང་ཡིག་དྲན་པ་འཚལ༔ སེམས་ཅན་བསོད་ནམས་ཆུང་ཞིང་འཚེ་བ་མང་༔ ཉོན་མོངས་སྲེད་པས་མི་ཚེ་སྡུག་ཕྱིད་འཁྲིལ༔ དགྲ་ཡི་བུ་གསོས་ཕུགས་སུ་གནོད་པ་ལྟར༔ སེམས་ཅན་མང་པོ་

1-60b

ངན་སོང་གནས་སུ་འགྲོ༔ ངན་འགྲོ་སྒྲུབ་པ་འོང་ཚུལ་ང་ཡིས་ཤེས༔ མ་རིག་པ་སེལ་འགྲོ་བ་འདྲེན་པའི་ཕྱིར༔ མན་ངག་དབང་དང་སློབ་དཔོན་ཞལ་བལྟ་གཅེས༔ ཆོས་མེད་ལོངས་སྤྱོད་སྒྲུབ་པ་ཚེ་འདིར་འཐོམས༔ བསྟན་པ་འཇིག་ཅིང་དཀོན་ཅོག་སྨོད་པ་མང་༔ གསང་སྔགས་ཁྱད་དུ་གསོད་ཅིང་བཀའ་བསླུ་མང་༔ སློབ་དཔོན་སྐུ་བདོ་མཆེད་ལྕམ་དཀོར་ལ་འབག༔ དབེན་གནས་འཇོམས་ཤིང་གཙུག་ལག་ཁང་རྣམས་འཇིག༔ དེ་དུས་ཐེའུ་བྲང་སྡེ་བརྒྱད་བསྟན་པ་དར༔ ཁ་ཏོན་ལོང་གཏམ་བྱེད་པའི་གོས་སེར་ཁྱུ༔ དབེན་པར་སྡོད་ཀྱང་གཡེང་བ་འདུ་འཛི་ཅན༔ ཆོས་ལ་དད་པ་སྐྱེས་པའི་རྐྱེན་མི་ཐུབ༔ ཕར་ལོག་ཚུར་ལོག་སྐྱེ་བོ་ཀུན་གྱིས་ཤེས༔ ཚབ་ཚུབ་ལངས་པ་ཐེའུ་བྲང་བསྟན་པ་ཡིན༔ ཞེས་གསུངས་སོ༔ སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ ཐེའུ་བྲང་བཏུལ་བའི་ལེའུ་སྟེ་བཅུ་དགུ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔