(ལེའུ་ཉེར་གཉིས་པ། བསྟན་པ་གླིང་ལོག་བྱུང་ཚུལ་གྱི་ལེའུ།)
དེ་ནས་ཇོ་བོ་རྫོང་བཙན་གྱིས་ཞུས་པ༔ རྒྱ་ནག་འཕུང་བར་བྱེད་པའི་ལ་ཡོགས་རྣམ་སྨིན་ཇི་ལྟ་བུ་ཞིག་གིས་སྐྱེད་པར་བྱེད༔ བསྟན་པ་ཇི་ཙམ་གནས༔ སྔོན་ལས་ཅི་ལས་བྱུང་༔ མ་འོངས་མཁྱེན་པས་གསུང་བར་ཞུ༔ ཨོ་རྒྱན་པདྨས་གསུངས་པ༔ བཙན་གྱི་རྒྱལ་པོས་ཞུས་པ་དེ་ལེགས་སོ༔ མ་བརྗེད་པར་ཡིད་ལ་ཐོབ་ཅིག༔ མ་འོངས་བུ་མོ་གཙང་མ་ལ་པྲ་རུ་
ཕོབ་ཅིག༔ རྒྱ་ནག་འཕུང་བར་བྱེད་པའི་ལ་ཡོགས་རྣམ་སྨིན་ཇི་ལྟ་བུ་ཞིག་གིས་བསྐྱེད་པ་ནི༔ རྒྱ་གར་ཆུ་བོ་ནཻ་རཉྫ་ནའི་འགྲམ༔ ཤཱཀྱ་ཐུབ་པས་དཀའ་ཐུབ་མཛད༔ བྱང་ཆུབ་ཤིང་དྲུང་སེང་གེའི་གདན་ལ་བཞུགས༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་མངོན་གྱུར་ནས༔ མངོན་པར་རྫོགས་པར་སངས་རྒྱས་མཛད་པའི་ཚེ༔ བདུན་ཕྲག་བདུན་དུ་ཡུལ་ངན་བྱུང་༔ ཀླུ་ཡི་རྒྱལ་པོ་བཏང་བཟུང་གནས་ན་བཞུགས༔ རྒྱུ་གཉིས་རྐྱེན་གྱིས་རྐྱེན་གསུམ་རུས་སྦལ་འདྲ༔ སྦྲུལ་མིག་རྣ་བ་རི་བོ་གླང་ཆེན་སྟོབས༔ རང་དབང་མེད་པར་སྙིགས་མའི་དུས་སུ་འབྱུང་༔ ལུས་ཀྱིས་བཅོམ་ལྡན་སྐུ་ལ་ལན་བདུན་དཀྲིས༔ མགོ་བོའི་གདེངས་ཀ་རྣམས་ཀྱིས་བཀབ་པ་ལ༔ བྱང་ཕྱོགས་ཚོང་པ་ག་གོན་སྤུན་གཉིས་ཀྱིས༔ གླང་བུ་ཅང་ཤེས་ལེགས་སྐྱེས་དང་༔ ཀཱིརྟི་ཞེས་པ་གཉིས་ཀྱིས་ཤིང་རྟ་འདྲེན༔ ཤིང་སྦྲུལ་རྒྱུ་ནས་གླང་བུ་འགྲོར་མ་ཉན༔ ཚོང་པ་གཉིས་ཀྱིས་དེ་བཞིན་གཤེགས་པ་མཐོང་༔ དད་པ་ཐོབ་ནས་སྦྲང་རྩི་
༄༅༔ ༔བུ་རམ་ཕུལ༔ དེ་བཞིན་གཤེགས་པས་ཤིས་པ་བརྗོད་པ་གསུངས༔ སྦྲང་རྩི་འབྱུང་བའི་རྒྱལ་པོར་ལུང་བསྟན་ཅིང་༔ ནུ་བོ་རྒྱ་ནག་རྒྱལ་པོར་ལུང་བསྟན་མཛད༔ སངས་རྒྱས་བཀའ་ཡིས་སེམས་ཅན་བསླུ་མི་སྲིད༔ ང་ནི་ལྷོ་ནུབ་སྲིན་ཡུལ་ཕྱིན་འོག་ཏུ༔ ལོ་ནི་བརྒྱད་བརྒྱ་དགུ་ཉེ་ན༔ རྒྱ་ནག་ཀ་ཤིང་ཀ་ཡི་ཉེ་ལམ་དུ༔ སྦྲང་རྩི་འབྱུང་བའི་རྒྱལ་པོ་མི་ལུས་ལེན༔ ག་གོན་བཟང་པོ་གུ་རུའི་མཚན་ཅན་གཅིག༔ མི་སྲིད་པ་ཞིག་སྲིད་ནས་རྒྱལ་པོ་བྱེད༔ མུ་སྟེགས་རོ་ལངས་བདུན་གྱིས་མ་བསླུས་ན༔ སྲིད་པ་བསྟན་པའི་སྐུ་ལུས་སྒེག་པའི་ལུས༔ ལྟེ་བའི་གཡོན་ལ་རྒྱལ་རིགས་སྨེ་བ་ཅན༔ དཔུང་པ་གཡོན་ལ་རྗེ་རིགས་སྨེ་བ་ཅན༔ བརླ་ཤ་གཡོན་ལ་བྲམ་ཟེའི་རིགས་སྨེ་ཅན༔ གདོང་པ་ལ་ནི་དམངས་རིགས་སྨེ་བ་ཅན༔ ཅན་བཞི་རྒྱལ་པོས་དགྲ་བགེགས་རུ་དྲ་སྒྲོལ༔ ངས་བརྩམས་ཆོས་ལ་ཤིན་ཏུ་མོས་པ་འབྱུང་༔ ཆ་ལུགས་པད་འབྱུང་ང་ཡི་ལུགས་སུ་བྱེད༔ འདི་ཡི་བཙུན་
མོ་སྒྲོལ་མའི་སྤྲུལ་པ་ས་སྤྲེལ་ལོ༔ འདི་ལ་རིགས་གསུམ་མགོན་པོའི་སྤྲུལ་པ་འབྱུང་༔ བསྟན་པ་ཇི་ཙམ་དག་ཏུ་གནས་པ་ནི༔ གནམ་བབ་ཁྲོ་ཆུའི་ཕོ་བྲང་གསེར་གསོལ་བྱུང་༔ པད་འབྱུང་སྐུ་འདྲ་ཤེལ་རིགས་ལྔ་ལ་བཞེངས༔ ལྷ་ཁང་མ་ནུ་སརྦ་ཡ་ན་འབྱུང་༔ པད་འབྱུང་ང་ཡི་སྐྱེས་རབས་བྲིས་སུ་འབྲི༔ རཀྵི་ཏ་ཡིས་རབ་ཏུ་གནས་པར་བྱེད༔ དེ་ཡི་རབ་གནས་ལེགས་པའི་ཡོན་ཏན་གྱིས༔ བསྟན་པ་མི་རབས་བཅོ་བརྒྱད་འབྱུང་བར་འགྱུར༔ རྒྱལ་པོའི་མིང་བཏགས་བརྒྱ་དང་རྩ་བརྒྱད་འབྱུང་༔ ལོ་ནི་སྟོང་དང་སུམ་བརྒྱ་ལྷག་ཙམ་ན༔ ཆོས་ཀྱི་རྒྱལ་པོས་བྱ་བ་རྣམ་བཞི་བྱེད༔ བསམ་ཡས་གཙུག་ལག་ཁང་ལ་ཞིག་གསོས་བྱེད༔ ཁྲིམས་དམ་འབངས་རྣམས་བདེ་ལ་བཀོད་སྐྱོང་བྱེད༔ སྐུ་ལ་བདོ་བའི་དམག་སྡེ་ཆེན་པོ་འཇོམས༔ ཉན་འཆད་སྒོམ་པའི་གྲྭ་འཛུགས་མཐུན་རྐྱེན་སྦྱོར༔ དེ་དུས་ཨོ་རྒྱན་པད་འབྱུང་བསྟན་པ་དར༔ བདུད་ཀྱི་མི་རྣམས་ཅི་ཙུག་བྱེད་ནའང་བྱེད༔ བསྟན་པའི་
༄༅༔ ༔བདག་པོ་ཨོ་རྒྱན་གླིང་པ་ཞིག༔ སྐྱེས་པའི་ཡུལ་དུ་ལྷ་ཁང་ར་ས་ཙམ༔ ཡར་ཆེན་ལྷ་ཁང་ལུང་བསྟན་ཞབས་ཏོག་བྱེད༔ དབུས་གཙང་མི་རྣམས་ཡར་ཆེན་བསམ་ཡས་འདུ༔ ཁྱད་པར་ཅན་གྱི་གསེར་ཐོག་གཡུ་ཐོག་འགེལ༔ ཡང་དག་ཡིན་ལུགས་མ་བཤད་རྗེས་མི་འཇུག༔ བསྟན་པ་གཞག་པའི་གནས་མེད་སྦས་ཡུལ་བྲོས༔ མི་སྐྱ་དྲ་མས་མི་བྱེད་བནྡེས་བྱེད༔ ཆོས་ཁ་གཅིག་ལ་གཅིག་གིས་བཟུང་ནས་སྨོད༔ ཁེ་དྲེགས་བསྐྱེད་དེ་འཁོར་དང་ཁེ་དྲེགས་འགྲན༔ དེ་དག་དབང་སོང་བསྟན་པ་འཕེལ་འགྲིབ་འབྱུང་༔ རེས་འགའ་བསྟན་པ་འཕེལ་ཏེ་རེས་འགའ་འགྲིབ༔ དགྲ་རུ་གནམ་ཐེའུ་དཀར་པོ་ཡོན་མཆོད་ལྡང་༔ ས་ཧོར་རྒྱ་ནག་སྡེ་འཁྲུག་བྱེད་པ་འབྱུང་༔ སྔོན་ལས་ཅི་ལས་བྱུང་བ་ནི༔ རྒྱ་གར་ཡུལ་གྱི་དགྲ་ཟླ་ཞེས་པ་ན༔ དགྲ་ཟླའི་རྒྱལ་པོ་མེ་སྦྱིན་ཞེས་བྱ་བས༔ སངས་རྒྱས་བཅོམ་ལྡན་འཁོར་དང་བཅས་པ་ལ༔ དབྱར་ཟླ་གསུམ་དུ་བཤོས་འདྲེན་དམ་བཅས་ཏེ༔ གཞན་
ལ་བཤོས་ནི་འདྲེན་པའི་དབང་མེད་ནས༔ དེ་ནུབ་རྒྱལ་པོ་མེ་སྦྱིན་རྨི་ལམ་དུ༔ སྡིག་པའི་ལྟས་མེད་རྨི་ལམ་བཟང་པོར་རྨིས༔ ཐེ་ཚོམ་སྐྱེས་ཏེ་བྲམ་ཟེ་ལ་བྲིས་པས༔ བྲམ་ཟེ་ཟླ་གསལ་ཕྲག་དོག་དབང་གིས་ཁྲོས༔ རྒྱལ་པོ་མནལ་ལམ་ཤིན་ཏུ་ངན་ནོ་སྨྲས༔ རྒྱལ་པོ་མེ་སྦྱིན་དད་པ་ལྡོག་པའི་ཕྱིར༔ དེ་ནས་དབྱར་ཟླ་གསུམ་མཚམས་དམ་བཅད་ནས༔ མི་ལ་གཏཾ་མ་སྨྲས་ན་ལྡོག་གོ་ཟེར༔ དེ་བར་རྒྱལ་པོས་བྲམ་ཟེའི་ངག་ལྟར་བྱས༔ སངས་རྒྱས་འཁོར་དང་བཅས་པའི་འཚོ་བ་ཆད༔ གཞན་གྱིས་འཚོ་བ་འདྲེན་དབང་མེད༔ ཚོང་པ་ཕྱུག་པོ་མེད་པ་སྤངས་ཅིག་གིས༔ སངས་རྒྱས་འཁོར་དང་བཅས་པའི་འཚོ་བ་དྲངས༔ ཚོང་ཕྲུག་ལྔ་བརྒྱ་དང་བཅས་ཟས་ཡོན་ཕུལ༔ བསྔོ་བ་སྨོན་ལམ་ཉིད་ཀྱིས་རྒྱས་བཏབ་བཞག༔ བྲམ་ཟེ་ཟླ་གསལ་རིང་པོར་མ་ལོན་ཤི༔ ཡི་དྭགས་རིགས་གྱུར་སུམ་ཅུ་རྩ་དྲུག་སྐྱེས༔ དེ་ནས་ཧོར་ཡུལ་སེ་ཆེན་རྒྱལ་རྒྱུད་སྐྱེས༔ དགེ་བ་བྱེད་པའི་གོ་བཀག་དད་ལོག་བཅུག༔ རྣམ་སྨིན་བསོད་
༄༅༔ ༔ནམས་ཟད་པའི་བཅིངས་བཅིང་པོ༔ ཚོང་པ་ཕྱུག་པོ་རྒྱ་ནག་རྒྱལ་པོའོ༔ ཚོང་ཕྲུག་ལྔ་བརྒྱ་དེ་ཡི་བློན་པོའོ༔ ཉ་ཆེན་ཡོར་མོ་དཔག་ཚད་བཞི་ཁྲིའི་ལུས༔ ཀླུ་ཡི་རྒྱལ་པོ་བཏང་བཟུང་སྤྲུལ་པ་ནི༔ དྷུཾ་དྷ༔ གུང་སྦུ༔ གུ་ཏེ་ཡ༔ བོད་ཨོ་ལོན༔ མག་ཤི༔ མ་འོངས་ཡོར་ཆེ༔ གུ་རུ་མོ་རུ༔ ཚོང་ཕྲུག་ལྔ་བརྒྱའི་མིང་དུ་བཤད༔ ཧོར་ལ་དབུ་ཡོགས་བཀའ་ཆད་ཚེ་ལ་མྱུར༔ རྒྱའུ་གླེན་པ་རྣམས་ཀྱང་བསྟན་པའི་དགྲ༔ བོ་ཡན་དུ༔ གོ་དན༔ བེ་ལ༔ ཨ་ཡུ་ཧུ་ནུ༔ དི་རི་དྷརྨ༔ བིང་རྫོ༔ མ་དུ་བུ་ཁྲིད་རྒྱལ་བརྒྱུད་བོད་དུ་འབྱུང་༔ ཅན་བཞི་རྒྱལ་པོའི་དངངས་སྐྲག་འདི་ཙམ་པ༔ མི་བློ་འདྲེས་པ་ལས་ངན་བྱེད༔ ལུས་པོ་ཕག་པ་མགོ་བོ་བྱ་ཡི་མགོ༔ མི་ཁྱི་གཤོག་ཉ་གཞུག་སྦྲུལ་སྒོ་ང་རྒྱུ༔ ཕྱིན་ཅི་ལོག་ལ་བློ་མཐུན་མང་དུ་འབྱུང་༔ བསྟན་པ་གླིང་ལོག་འབྱུང་ཚུལ་གྱི་ལེའུ་སྟེ་ཉེར་གཉིས་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔