ༀ་ ༄༅༔ ༔རྒྱལ་པོ་བཀའི་ཐང་ཡིག་བཞུགས་སོ༔ ༔
(འགོ་བརྗོད།)
༄༅༅༔ ༔དཱ།ནྭ།གྭམྭ་ཊྭ།༔ དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་དང་བཅས༔ ཡི་དམ་ཞི་ཁྲོ་རིག་འཛིན་ཚོགས་རྣམས་ལ༔ གདུང་ཞིང་གུས་པའི་ཡིད་ཀྱིས་བཏུད་བྱས་ནས༔ རྒྱལ་པོ་བཀའི་ཐང་ཡིག་བསྟན་པ་ནི༔ ཕྱོགས་བཅུའི་འཇིག་རྟེན་རྒྱལ་བའི་ཞིང་ཁམས་དང་༔ སྟོང་གསུམ་རི་རབ་བྱེ་བ་ཕྲག་བརྒྱ་དང་༔ གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་དང་༔ སྣོད་ཀྱི་འཇིག་རྟེན་ཇི་ལྟར་ཆགས་པ་དང་༔ བཅུད་ཀྱི་སེམས་ཅན་
༄༅༅༔ ༔ཇི་ལྟར་གྲུབ་པ་དང་༔ འཁོར་ལོས་སྒྱུར་རྒྱལ་ཇི་ལྟར་བྱོན་པ་དང་༔ སངས་རྒྱས་བདེ་གཤེགས་ཇི་ལྟར་བྱོན་པ་དང་༔ ཕྱི་ནང་ཐེག་པ་ཇི་ལྟར་གསུངས་པ་དང་༔ ཆོས་ཞུས་སྡུད་པ་ཇི་ལྟར་བྱོན་པ་དང་༔ བོད་ཀྱི་ཆོས་རྒྱལ་ཇི་ལྟར་བྱོན་པ་དང་༔ ལོ་པཎ་སྐྱེས་བུ་ཇི་ལྟར་བྱོན་པ་དང་༔ བོད་དུ་དམ་ཆོས་ཇི་ལྟར་དར་བ་དང༔ སྔགས་འཆང་གྲུབ་ཐོབ་ཇི་ལྟར་བྱོན་པ་དང་༔ རྒྱལ་པོའི་ཐུགས་དམ་ཇི་ལྟར་བཞེངས་པ་དང་༔ རྒྱལ་བརྒྱུད་གཙུག་
ལག་ཁང་ཆེན་བརྩིགས་པ་དང་༔ སྲོང་གི་བང་སོ་ཇི་ལྟར་མཆོད་པ་དང་༔ བཞེངས་ཀྱི་ལྷ་ཁང་ཇི་ལྟར་བཞེངས་པ་དང་༔ བཞུགས་ཀྱི་སྐུ་མཁར་ཇི་ལྟར་བརྩིགས་པ་དང་༔ རྩིས་ཀྱི་རྡོ་རིང་ཇི་ལྟར་བསླངས་པ་དང་༔ མ་འོངས་རྒྱལ་བརྒྱུད་ནོར་སྐལ་སྦས་པ་དང་༔ བཀའ་ཡིས་ནན་ཐག་ཇི་ལྟར་གདམས་པ་དང་༔ ཕྱི་རབས་སྔགས་འཆང་མན་ངག་རྒྱས་བཏབ་དང་༔ ཕྱི་མའི་དུས་སུ་ཇི་ལྟར་འབྱུང་ལ་སོགས༔ རྒྱལ་པོ་བཀའ་ཡི་དཀར་ཆག་ཆེན་པོ་འདི༔ ཕྱི་ནང་རྣམ་གཞག་ཞིབ་མོ་ཞེས་བྱ་སྟེ༔ རྒྱལ་པོ་བཀའ་ཡི་ལོ་རྒྱུས་ཆེན་མོ་ཡིན༔ དཔལ་གྱི་བསམ་ཡས་དབུ་རྩེ་རིགས་གསུམ་གྱི༔ སྟེང་ཁང་ལྷ་ཡི་གཞལ་ཡས་ཆེན་མོ་རུ༔ ཆོས་ཀྱི་རྒྱལ་པོ་མུ་ཏིག་བཙན་པོ་ཡིས༔ སློབ་དཔོན་ལོ་པཎ་གྲུབ་ཐོབ་སྤྱན་དྲངས་ནས༔ འཇིག་རྟེན་སྤྱན་གཟིགས་མང་པོའི་ཚོགས་འཁོར་བཤམས༔ བཀའ་ཡི་བློན་ཆེན་ཕྱི་འཁོར་ནང་འཁོར་བཅས༔ ཇོ་མོ་ཚེ་སྤོང་རྒྱལ་མོས་བཀའ་
༄༅༔ ༔ཞུས་པ༔ ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་དང་༔ རྒྱལ་པོ་མཇིང་ཡོན་མུ་ཏིག་བཙན་པོ་ཡིས༔ བཀའ་ཐབས་ཐང་ཡིག་དཀར་ཆག་ཞལ་ནས་གསུངས༔ སློབ་དཔོན་གསུང་དང་རྒྱལ་པོས་བཀའ་སྩལ་པ༔ དཀར་ཆག་ཡི་གེ་ལྡན་མ་རྩེ་མང་གིས༔ དེ་རིང་བཅོ་ལྔ་རྒྱལ་གྱི་ཉི་མ་ལ༔ སློབ་དཔོན་རྒྱལ་པོ་རྗེ་འབངས་དྲུང་དུ་བསྡད༔ ཆེ་བགྲེས་བློན་པོ་རྣམས་ཀྱང་འདུས་ནས་ནི༔ བློན་ཆེན་དམག་དཔོན་ལྷ་བཟང་ཀླུ་དཔལ་དང་༔ བློན་ཆེན་བགྲེས་པོ་ཁྲི་བཟང་ཡབ་ལྷ་དང་༔ བློན་ཆེན་བགྲེས་པོ་མདོ་བཞེར་སྤྲེ་ཆུང་དང་༔ བློན་ཆེན་བགྲེས་པོ་ཁྲི་འབྲིང་ལྷ་ལོད་དང་༔ བློན་ཆེན་བགྲེས་པོ་ཤུད་བུ་དཔལ་སེང་དང་༔ བློན་ཆེན་བགྲེས་པོ་སྣ་ནམ་ལྷ་སྣང་དང་༔ བློན་ཆེན་བགྲེས་པོ་རྟ་ར་ཀླུ་གོང་དང་༔ བློན་པོ་རྣམས་ཀྱིས་ཕྱག་བྱས་ཟུག་ལ་ནེམ༔ མགྲིན་གཅིག་གཉིས་མེད་དྲི་རྨེད་བྱས་རྗེས་ལ༔ འཇིག་རྟེན་མཁྱེན་པའི་སློབ་དཔོན་ཆེན་པོ་དང་༔
ཆེ་ཞིང་གཉན་པ་རྒྱལ་པོ་བཀའ་ཡི་ལུང་༔ ཡུམ་རྗེ་བཙུན་མོས་ཞུས་པ་ཤིན་ཏུ་ལེགས༔ ཐང་ཡིག་དཀར་ཆག་རྒྱས་པ་བསྟན་དུ་གསོལ༔ ཞེས་ཞུས་སོ༔ དེ་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ ལྷ་སྲས་རྒྱལ་པོ་མུ་ཏིག་བཙན་པོ་ཡིས༔ ཞལ་ནས་གསུངས་དུས་བློན་པོ་རྣམས་ཀྱིས་ཀྱང་༔ རྨེད་ཚིག་གོང་འོག་བརྟགས་ནས་མཛད་ཚུལ་བརྗོད༔ མཆན་བུ་རྩེ་མང་ཟིན་བྲིས་ཡེ་གེར་བྲིས༔ རྒྱལ་པོ་བཀའ་ཡི་རྟགས་ཆེན་བཅུ་གསུམ་ལ༔ དང་པོ་རྡོ་རྗེ་སློབ་དཔོན་སྐུ་ཡི་རྟགས༔ གཉིས་པ་རྒྱལ་པོ་མི་འགྱུར་རྡོ་རྗེའི་རྟགས༔ གསུམ་པ་བློན་པོ་བཀའ་ནན་རལ་གྲིའི་རྟགས༔ བཞི་བ་བཙུན་མོའི་མཆིད་གསལ་གསུང་གི་རྟགས༔ ལྔ་པ་རྒྱལ་པོར་མངའ་གསོལ་ཁྲིམས་ཀྱི་རྟགས༔ དྲུག་པ་ནོར་ཆེན་ལོངས་སྤྱོད་དཀོར་མཛོད་རྟགས༔ བདུན་པ་ཕྱོགས་རྣམས་གདུལ་བ་དམག་གི་རྟགས༔ བརྒྱད་པ་ལོ་པཎ་གདན་འདྲེན་རྐང་མགྱོགས་
༄༅༔ ༔རྟགས༔ དགུ་པ་དམ་ཆོས་གསུང་པ་ཁྲི་སྟོང་རྟགས༔ བཅུ་པ་ལྷ་ཁང་བརྩིགས་བཞེངས་བརྟན་པའི་རྟགས༔ བཅུ་གཅིག་གསོལ་ཟས་ལོངས་སྤྱོད་ཆེ་བའི་རྟགས༔ བཅུ་གཉིས་བདེ་སྐྱིད་ལོངས་སྤྱོད་འཚོ་མུའི་རྟགས༔ བཅུ་གསུམ་ཚེ་དབང་རིགས་བརྒྱུད་རྒྱས་པའི་རྟགས༔ རྒྱལ་པོ་བཀའ་ཡི་རྟགས་ཆེན་བཅུ་གསུམ་ལ༔ མ་འོངས་རྒྱལ་བརྒྱུད་ཀུན་རྣམས་སྤྱོད་པར་ཤོག༔ དུས་གསུམ་རྒྱལ་བ་བླ་མ་དཀོན་ཅོག་གསུམ༔ རྒྱལ་མཚན་རྩེ་མོ་རིག་འཛིན་གྲུབ་ཐོབ་དང་༔ མཁས་པའི་མཆོག་གྱུར་པཎ་ཆེན་ལོ་ཙཱ་རྣམས༔ ཆེ་བའི་གདན་དུ་སེང་གེ་གླང་ཆེན་དང་༔ དར་ཟབ་ཕོ་ལོང་གབ་རྩེའི་གདན་ལ་བཞུགས༔ སྐུ་མཆོག་པད་ལྟར་ཉེས་པའི་སྐྱོན་མ་གོས༔ ཡིད་བཞིན་ནོར་ལྟར་ཆེ་བའི་ཡོན་ཏན་རྫོགས༔ ཁྲི་གདུགས་བརྡལ་ལྟར་ཐུགས་རྗེས་སྤྱི་ཁྱབ་བཞུགས༔ ཆེ་བཙན་གཉན་པ་ས་བདག་རྒྱལ་པོ་ནི༔
སྐུ་མཛེས་དཔལ་བརྗིད་རི་རྒྱལ་ལྷུན་པོ་འདྲ༔ གསལ་དག་གསུང་སྙན་གཡུ་འབྲུག་སྒྲ་ལྟར་ལྡིར༔ མཁྱེན་རིག་ཐུགས་དགོངས་ནམ་མཁའ་དངས་ལྟར་བཞུགས༔ འཕྲུལ་བག་ལྡན་པ་ཐབས་ཀྱི་ཞང་བློན་ནི༔ རྗེ་ཡི་བཀའ་བློན་ཆབ་སྲིད་གཉའ་གནོན་མཛད༔ དྲང་སྲོང་ཡོག་པ་ཐིག་ཤིང་གཅོད་པའི་གྲི༔ ལེགས་ལ་དགེ་སྦྱིན་ཉེས་ལ་འགལ་ཁྲིམས་གཅོད༔ ཐབས་ཀྱི་ཞང་བློན་བགྲེས་གཞོན་གྲལ་རིམ་བཞུགས༔ མཛངས་འཕྲུལ་ལྡན་པའི་ཡུམ་རྗེ་བཙུན་མོ་ནི༔ ཞི་བའི་ངང་ཚུལ་དགུ་ལྡན་མཛེས་མ་ལ༔ མཉེན་ལྕུག་འཁྲིལ་ལྡེམ་ལྷུན་སྟུག་གཟི་བརྗིད་འབར༔ དཀར་དམར་མདངས་ལྡན་སྨྲ་བརྗོད་སྒྲ་ནི་སྙན༔ མེ་ལོང་གཡའ་དག་ནོར་བུའི་འོད་ལྡན་བཞུགས༔ བླ་མཆོད་རྒྱལ་བློན་རྣམས་ཀྱི་སྤྱན་ལམ་དུ༔ འཇིག་རྟེན་མཁྱེན་པའི་གུ་རུས་གསུངས་པ་དང་༔ བཀའ་བཙན་གཉན་པ་རྒྱལ་པོ་བཀའ་ཡི་གསུང་༔ ཐབས་ཀྱི་བློན་ཆེན་གསུང་
༄༅༔ ༔གི་མཆིད་རྣམས་ལ༔ ལྡན་མ་རྩེ་མང་མཆན་བུས་ཟུར་ཚིག་གསོས༔ རྒྱལ་པོ་བཀའ་ཡི་དཀར་ཆག་བཤད་པ་ནི༔ མ་རིག་མུན་སེལ་ཉི་མའི་དཀྱིལ་འཁོར་འདྲ༔ སྣང་སྲིད་ཆགས་ཚུལ་ཕྱི་ནང་བར་གསུམ་གྱི༔ བཀའ་ཡི་བབས་ཚུལ་རྒྱ་མཚོ་ཆེན་པོ་ལས༔ ནོར་བུ་ཀུན་ཏུ་སྣང་བའི་ཕྲ་རྣམས་བསྡུས༔ ཤོག་བུའི་ལོགས་ལ་ཡི་གེའི་རིས་སུ་བྲིས༔ མ་འོངས་རྒྱལ་བརྒྱུད་རྣམས་ཀྱི་བཙས་སུ་བཞག༔ ཕྱི་རབས་རྒྱལ་པོ་སྐལ་ལྡན་ལས་འཕྲོ་ཅན༔ ཐང་ཡིག་དཀར་ཆག་ཆེན་མོ་འདི་ཉིད་ལ༔ དམ་པར་གཅེས་སྤྲས་མིག་གི་འབྲས་བུ་ལྟར༔ ཐུགས་ལ་གོམས་པ་སེམས་ཀྱི་གཏེར་དུ་ཆོངས༔ ལྷ་ཁང་བཞེངས་དང་ཁྲིམས་ཀྱི་འཆའ་གཙིགས་དང་༔ རྙིང་པ་ཞིག་གསོས་དཀོན་ཅོག་མཆོད་པ་དང་༔ ལེགས་ཉེས་དཀའ་བ་ཐོག་ཏུ་བབས་པའི་དུས༔ རྒྱལ་བརྒྱུད་ནོར་སྐལ་དཀོར་ནོར་སྦས་པ་དང་༔ ས་
དམིགས་འདོམ་དང་མདའ་ཡི་གཞལ་ཚོད་རྣམས༔ ནང་ནོར་སེམས་ལ་གཏེར་སྲུང་མཆོད་དེ་ཐོན༔ བློ་ཐུབ་ནང་བློན་ཐུགས་གཅེས་ཁྲིད་ནས་ནི༔ ནུས་པ་ལྡན་པའི་སྐྱེས་བུས་ས་ལ་བྲུས༔ གསང་ཐུབ་བློ་ཆེན་རྒྱལ་བརྒྱུད་ཕྱི་རབས་རྣམས༔ ནོར་ཆེན་གང་འདོད་ལོངས་ལ་སྤྱོད་ཅིང་མཆོད༔