(ལེའུ་ལྔ་པ། ཕྱི་ནང་ཐེག་པ་ཇི་ལྟར་གསུངས་པའི་ལེའུ།)
ཕྱི་ནང་ཐེག་པ་ཇི་ལྟར་གསུངས་པ་ནི༔ སངས་རྒྱས་ཡེ་ཤེས་ཐུགས་རྗེ་ཐབས་མཁས་པས༔ བདེ་གཤེགས་རྒྱལ་བ་ཤཱཀྱ་ཐུབ་པ་དེས༔ སྔོན་བྱུང་བསྐལ་པ་གྲངས་མེད་འདས་པའི་གོང་༔ ཤཱཀྱ་ཐུབ་པ་ཆེན་པོའི་སྤྱན་སྔ་རུ༔ མཆིལ་ལྷམ་རྫ་བུམ་འགྲོན་བུ་གདུགས་ཕུལ་ནས༔ ལྷག་བསམ་རྣམ་དག་བྱང་ཆུབ་སེམས་བསྐྱེད་ཞུས༔ དེ་ནས་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས༔ སངས་རྒྱས་རྣམ་པར་གཟིགས་ལ་སོགས་པ་ཡི༔ སངས་རྒྱས་བདུན་ཁྲི་ལྔ་སྟོང་མཆོད་ཅིང་བཀུར༔ ཚོགས་གཉིས་སེམས་ཅན་དོན་དུ་བསྔོས་ཤིང་བསགས༔ དཀོན་ཅོག་བླ་མེད་སྤྱན་སྔར་བཟོད་པ་ཐོབ༔ མར་མེ་མཛད་
ཀྱི་སྤྱན་སྔར་ལུང་ཡང་བསྟན༔ སྲིད་པ་ཐ་མར་དགའ་ལྡན་ལྷ་གནས་སུ༔ དམ་པ་ཏོག་དཀར་ཞེས་བྱའི་ལྷ་ལུས་བླངས༔ ལྷ་དང་ཉེ་དབང་དཔག་མེད་ཆོས་ལ་བཀོད༔ ཆོས་ཀྱི་འཁོར་ལོ་རྒྱ་ཆེན་མཐའ་ཡས་བསྐོར༔ ལྷ་དང་ལྷ་མིན་འགྲོ་བ་དཔག་མེད་དྲངས༔ ལྷ་དང་ཉེ་དབང་བརྒྱ་བྱིན་ཕྱག་ཏུ་གཏད༔ རྒྱལ་ཚབ་གཉེར་དུ་མགོན་པོ་བྱམས་པ་བསྐོས༔ ལྷ་ཡི་ཡུལ་ནས་མི་ཡི་ཡུལ་དུ་གཤེགས༔ འཛམ་བུ་གླིང་དུ་གཟིགས་སྟངས་གསུམ་གྱིས་བྱོན༔ གྲོང་ཁྱེར་ལ་གཟིགས་གནས་མཆོག་སེར་སྐྱ་ལ༔ ཡབ་ལ་གཟིགས་པ་རྒྱལ་པོ་ཟས་གཙང་ལ༔ ཡུམ་ལ་གཟིགས་པ་སྒྱུ་མ་ལྷ་མཛེས་ལ༔ གླང་ཆེན་ཐལ་དཀར་མཆེ་བ་དྲུག་པར་སྤྲུལ༔ མཁའ་ལ་བྱོན་ནས་ཡུམ་གྱི་ལྷུམས་སུ་ཞུགས༔ ཟླ་བ་བཅུ་ནས་སངས་རྒྱས་སྐུ་བལྟམས་ཚེ༔ སྒྱུ་མ་ལྷ་མཛེས་ལུམ་པའི་ཚལ་དུ་གཤེགས༔ སྐུ་རྟེན་བླཀྵའི་ཤིང་ལ་མཛད་པའི་ཚེ༔ གཡོག་མོ་སྐྱེ་རྒུའི་བདག་མོ་
༄༅༔ ༔ཕྱག་གིས་བཟུང་༔ རྩིབ་མའི་བར་ནས་རྒྱལ་བུ་སྐུ་བལྟམས་དུས༔ ལྷ་ཆེན་ཚངས་པས་དར་དཀར་ལྕིབས་མས་བླངས༔ དབང་པོ་བརྒྱ་བྱིན་བདུད་རྩིས་སྐུ་ཁྲུས་གསོལ༔ ཕྱོགས་བཞིར་གོམ་པ་བོར་བས་པདྨ་འཁྲུངས༔ པདྨ་བརྩེགས་པའི་མཆོད་རྟེན་ལ་སོགས་བྱུང་༔ ཁྲུས་བྱེད་རྒྱན་འདོགས་ནུ་ཞོ་བསྣུན་པ་སོགས༔ མ་མ་སུམ་ཅུ་རྩ་གཉིས་ཕྱག་གིས་བདར༔ གཞོན་ནུ་རོལ་རྩེད་བཙུན་མོའི་འཁོར་ལ་རོལ༔ བྲམ་ཟེས་མཚན་གསོལ་རྒྱལ་བུ་དོན་གྲུབ་ཅེས༔ ཤཱཀྱའི་བུ་མོ་ས་འཚོ་ཁབ་ཏུ་བཞེས༔ རྒྱལ་སྲིད་བཟུང་ནས་གྲོང་ཁྱེར་སེར་སྐྱར་བཞུགས༔ སྒྲ་གཅན་འཁྲུངས་ནས་མཆོད་རྟེན་རྣམ་དག་ལ༔ གུས་པས་བཏུད་ནས་རང་གིས་དབུ་སྐྲ་བཅད༔ ནཻརཉྫ་ནར་དཀའ་ཐུབ་མཛད་པ་དང་༔ འོ་ཐུག་བཞེས་ནས་སྐུ་མདོག་གསེར་ལྟར་གྱུར༔ བྱང་ཆུབ་ཤིང་དྲུང་རྡོ་རྗེ་གདན་གྱི་རྩེར༔ སྲོད་ལ་བདུད་བཏུལ་ནམ་ཕྱེད་མཉམ་པར་གཞག༔ ཐོ་རངས་
སངས་རྒྱས་འགྲོ་བའི་དཔལ་དུ་ཤར༔ འཇིག་རྟེན་པ་ཡི་མཛད་པ་ལྔ་དང་ནི༔ འཇིག་རྟེན་ལས་འདས་མཛད་པ་རྣམ་པ་ལྔ༔ ཐུན་མོང་མ་ཡིན་མཛད་པ་གཉིས་ལ་སོགས༔ མཛད་པ་བཅུ་གཉིས་མཐར་ཕྱིན་མངོན་སངས་རྒྱས༔ ཝ་ར་ཎཱ་སིར་ལྔ་སྡེ་བཟང་པོ་དང་༔ འགྲོ་མཆོག་རྣམས་ལ་དམ་ཆོས་ཆར་ལྟར་ཕབ༔ བདེན་པ་བཞི་ཡི་ཆོས་ཀྱི་འཁོར་ལོ་བསྐོར༔ བྱ་རྒོད་ཕུང་པོར་ཐེག་ཆེན་གང་ཟག་ལ༔ མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར༔ ཡངས་པ་ཅན་དུ་སྣ་ཚོགས་གང་ཟག་ལ༔ ངེས་པ་དོན་གྱི་ཆོས་ཀྱི་འཁོར་ལོ་བསྐོར༔ བདེ་གཤེགས་ཐུགས་རྗེ་ཆེ་ལ་ཐབས་མཁས་པས༔ གང་ལ་གང་འདུལ་དེ་ལ་དེ་འདུལ་བ༔ སྐུ་གསུམ་སྟོན་པ་ཐུབ་པ་དྲུག་ཏུ་སྤྲུལ༔ སྐུ་གསུམ་སོ་སོའི་ཆོས་གཞུང་དབང་སྲོལ་གྱི༔ ཐེག་པ་རིམ་དགུ་ལ་སོགས་སོ་སོར་གསུངས༔ ཆོས་སྐུའི་སྟོན་པས་སྣང་སྟོང་གཉིས་མེད་གསུངས༔ ལོངས་སྐུའི་སྟོན་
༄༅༔ ༔པས་བསྐྱེད་རྫོགས་ཟུང་འཇུག་གསུངས༔ སྤྲུལ་སྐུའི་སྟོན་པས་འདུལ་བའི་སྡེ་སྣོད་གསུངས༔ བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་གསུམ༔ ངེས་ཚིག་ཐོས་པས་སངས་རྒྱས་ལག་གིས་བླངས༔ ཀྲ་ཡ་ཨུ་པ་ཡོ་ག་རྣམ་པ་གསུམ༔ མི་ཚེ་གསུམ་གྱི་སངས་རྒྱས་ས་ལ་སྦྱོར༔ འདུལ་བ་མདོ་སྡེ་མངོན་པ་རྣམ་པ་གསུམ༔ གྲངས་མེད་གསུམ་གྱིས་སངས་རྒྱས་ས་ལ་སྦྱོར༔ སྤྲུལ་སྐུའི་སྟོན་པ་ཤཱཀྱ་སེང་གེ་ཡི༔ དམ་ཆོས་ལོ་གྲངས་ལྔ་བརྒྱ་ཕྲག་བཅུར་གནས༔ དམ་ཆོས་ལེའུ་བཞི་རུ་ཕྱེ་བ་ལས༔ རྟོགས་དང་སྒྲུབ་དང་ལུང་དང་རྟགས་ཙམ་འཛིན༔ ལུང་གི་དུས་སུ་སྡེ་སྣོད་རྣམ་པ་གསུམ༔ ཐུབ་པའི་དམ་ཆོས་ཇི་ལྟར་དར་བ་ནི༔ ལྔ་སྟོང་ལྔ་བརྒྱ་ཕྲག་བཅུར་ཕྱེ་བ་ལས༔ རྒྱལ་བའི་སྲས་པོ་འབྱོན་ལུགས་རིམ་པ་ཡང་༔ ལྔ་བརྒྱ་དང་པོར་དགྲ་བཅོམ་ཤ་སྟག་འབྱུང་༔ ལྔ་བརྒྱ་གཉིས་པ་ཕྱིར་མི་འོང་བ་འབྱུང་༔ ལྔ་བརྒྱ་
གསུམ་པར་ཕྱིར་འོང་རྒྱུན་ཞུགས་འབྱུང་༔ ལྔ་བརྒྱ་བཞི་པར་ལྷག་མཐོང་ཤེས་རབ་འབྱུང་༔ ལྔ་བརྒྱ་ལྔ་པར་ཚུལ་ཁྲིམ་སྡོམ་པ་འབྱུང་༔ ལྔ་བརྒྱ་དྲུག་པར་ཞི་གནས་ཏིང་འཛིན་འབྱུང་༔ ལྔ་བརྒྱ་བདུན་པར་མདོ་སྡེའི་སྡེ་སྣོད་འབྱུང་༔ ལྔ་བརྒྱ་བརྒྱད་པར་འདུལ་བའི་སྡེ་སྣོད་འབྱུང་༔ ལྔ་བརྒྱ་དགུ་པར་མངོན་པའི་སྡེ་སྣོད་འབྱུང་༔ ལྔ་བརྒྱ་བཅུ་པར་རྟགས་ཙམ་འཛིན་པ་འབྱུང་༔ ལྔ་བརྒྱ་ཕྲག་བཅུར་འདས་པའི་སེམས་ཅན་རྣམས༔ སྙིགས་མའི་མཐར་ཐུག་སྐལ་ངན་སྐལ་བ་ཟད༔ གོས་ཀྱི་སྙིགས་མ་ལྭ་བ་གྱོན་པའི་དུས༔ ཟས་ཀྱི་སྙིགས་མ་ལྕི་བ་ཟ་བའི་དུས༔ ནོར་གྱི་སྙིགས་མ་གྲི་མཚོན་དར་བའི་དུས༔ འབྲུ་ཡི་སྙིགས་མ་བྲ་བོ་སྐྱེ་བའི་དུས༔ གཏམ་གྱི་སྙིགས་མ་ཁེངས་སྨྲ་འགྲན་པའི་དུས༔ མུ་གེ་བསྐལ་པའི་ནད་ཡམས་མོད་པའི་དུས༔ མཚོན་གྱི་བསྐལ་པས་མཐའ་རུ་སྟོངས་པར་བྱེད༔ སྟོན་པའི་དམ་ཆོས་ནུབ་པར་གྱུར་ནས་ནི༔ ཆོས་ཀྱི་བསྟན་
༄༅༔ ༔པ་ལི་ཡི་ཡུལ་དུ་ཚུགས༔ མཐའ་མར་བསྟན་པ་ལི་ཡི་ཡུལ་དུ་སྡུད༔ དེ་ཡི་དུས་སུ་རྟགས་ཙམ་འཛིན་པ་འབྱུང་༔ ལི་ཡི་ཡུལ་དུ་ཆོས་སྐྱོང་རྒྱལ་པོ་ནི༔ སྨེ་བ་ཅན་ཞེས་རྒྱལ་པོའི་གཞུག་སྡུད་འབྱུང་༔ རྒྱལ་པོ་དེ་ཡི་བླ་མཆོད་ལྔ་བརྒྱ་པོ༔ དྲོ་དུས་ཆོས་ཀྱི་རྒོལ་རྩོད་ཐེ་ཚོམ་གྱིས༔ གཅིག་ལ་གཅིག་རྒོལ་བཟོད་པའི་གོ་ཆ་ཤོར༔ དུག་ལྔ་རགས་པས་ཞེ་སྡང་རྦ་རླབས་འཁྲུགས༔ མཐོ་དམའི་ཚིག་ལ་ཀུན་སློང་ཁ་ལག་ཤོར༔ ཀུན་གྱིས་སྐེ་རགས་གསེབ་ཀྱི་གྲི་གུ་བཏོན༔ གཅིག་ལ་གཅིག་ཐེབས་བླ་མཆོད་ལྔ་བརྒྱ་པོ༔ མཚོན་གྱིས་བཀུམས་ཏེ་ཁྲག་གི་འདམ་དུ་ཚུད༔ རྒྱལ་པོ་མྱ་ངན་ཁང་པར་ཞུགས་པའི་དུས༔ ཕྱི་ནང་བློན་པོ་རིག་པ་ཅན་རྣམས་ཀྱིས༔ བ་དམར་གླང་དམར་ལྤགས་པ་ལུས་ལ་གྱོན༔ གྲོད་པས་མགོ་གཏུམས་གསེག་ཤང་ལག་ཏུ་ཐོགས༔ རྒྱལ་པོའི་སྤྱན་གྱིས་ནོན་པའི་ས་
ལ་འགྱུ༔ ནང་བློན་ཕྱག་ཚངས་རྒྱལ་མོ་ལ་སོགས་ཀྱིས༔ རྗེ་གཅིག་བཞེངས་དང་བླ་མཆོད་གྲལ་མ་སྟོངས༔ རི་བྲག་སུལ་གྱི་དགེ་འདུན་ཐེམ་སྤངས་ནས༔ རི་ཁྲོད་དབེན་གནས་བསྟེན་པའི་སྒྲུབ་པ་པོ༔ དེ་ཉིད་རྒྱལ་པོས་གཟིགས་པས་མྱ་ངན་ཞི༔ བཙུན་པ་གླང་དམར་ཤཱཀྱའི་ཚུལ་འཆོས་རྣམས༔ རྒྱལ་པོས་གཟིགས་ཕྱིར་ཆས་གཉིས་འཛིན་པ་འབྱུང་༔ དེ་ཉིད་རྟགས་ཙམ་འཛིན་པའི་དུས་ཚོད་ཅེས༔ གོས་མདོག་བསྒྱུར་བའི་ཆོས་ལ་ནུས་པ་མེད༔ ཚྭ་ཡི་རོ་ཉམས་ཞོ་ལ་མར་མི་འབྱུང་༔ རབ་ཏུ་འབྱུང་བའི་མཁན་སློབ་ཡུལ་གཞི་སྟོངས༔ རྒྱལ་པོའི་བཀའ་ཁྲིམས་ཉི་མ་ལྟ་བུ་བརྒས༔ འབངས་ཀྱི་མི་ཆོས་སོག་མའི་ཕོན་ཐག་ཆད༔ བླ་མཆོད་ཆོས་ཁྲིམས་དར་མདུད་ལྟ་བུ་གྲོལ༔ ཆོས་ཀྱི་ཉན་བཤད་ན་བུན་ལྟ་བུར་ཡལ༔ སྒོམ་དང་སྒྲུབ་པ་ནམ་ལངས་སྐར་མ་བཞིན༔ གསལ་བ་མེད་ཅིང་གཅིག་ཀྱང་མངོན་པ་མེད༔
༄༅༔ ༔རྒན་རབས་གོང་མ་ལོ་ཏོག་བརྔས་པ་ལྟར༔ སྔོན་མ་སྐྱེས་པ་ཕྱི་མ་གཅིག་མ་ལུས༔ སྐྱེས་བུ་གྲུབ་ཐོབ་ཡོན་ཏན་མངའ་བ་ཀུན༔ དུས་ཀྱི་ཤུགས་ལས་ཤིང་ཏོག་ཡལ་བ་བཞིན༔ ཐུབ་པའི་བསྟན་པ་དགོངས་ཁའི་གྲིབ་སོ་བཞིན༔ མར་འགྲིབ་དུས་ངན་བསྐལ་པ་ངན་པའི་དུས༔ སེམས་ཅན་སྤྱི་མཐུན་བསོད་ནམས་དམན་དུས་དེར༔ བཟང་ལན་ངན་གཤོམ་ལེགས་ལན་ཉེས་ཀྱིས་མཇལ༔ ལས་སུ་སྲོག་གཅོད་ཟོང་ལ་རྫུན་དུ་འཚོང་༔ གདོང་མེད་བརྐུ་འཕྲོག་མཛངས་མེད་སེར་སྣ་བྱེད༔ དེ་འོག་ཚེ་ལོ་བཅུ་པའི་དུས་ངན་འབྱུང་༔ དེ་ཉིད་རྫོགས་ནས་ཡར་འཕེལ་བསྐལ་པ་བཟང་༔ ཡ་ཐོག་རིང་མོ་ཞེས་བྱ་འབྱུང་བར་འགྱུར༔ སེམས་ཅན་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་༔ དེ་ཉིད་རྫོགས་ནས་ཚེ་ལོ་གྲངས་ཡོད་དུས༔ སྟོན་པའི་བསྟན་པ་རིམ་གྱིས་འབྱུང་བར་
འགྱུར༔ གོང་མ་རྒྱལ་བས་ཇི་ལྟར་གསུངས་པ་ལྟར༔ མ་འོངས་རྒྱལ་བ་རྣམས་ཀྱང་དེ་ཉིད་གསུང་༔ ཕྱི་ནང་ཐེག་པ་ཇི་ལྟར་གསུངས་པའི་ལེའུ་སྟེ་ལྔ་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔