༄༅། །བཀའ་ཐང་སྡེ་ལྔ།
ལེའུ་དྲུག་པ། ཞུ་དང་སྡུད་པོ་ཇི་ལྟར་བྱོན་པའི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་དྲུག་པ། ཞུ་དང་སྡུད་པོ་ཇི་ལྟར་བྱོན་པའི་ལེའུ།)

ཞུ་དང་སྡུད་པོ་ཇི་ལྟར་བྱོན་པ་ནི༔ ཀུན་ཏུ་བཟང་པོ་རང་བྱུང་ཧེ་རུ་ཀས༔ ཆོས་དབྱིངས་ཀློང་ཡངས་འོག་མིན་གནས་མཆོག་ཏུ༔ རང་བཞིན་རྣམ་དག་དུས་གསུམ་བདེ་གཤེགས་ལ༔ ནང་རྒྱུད་སྡེ་གསུམ་ཐུགས་ཀྱི་ཀློང་ནས་བཤད༔ རྣམ་པར་སྣང་མཛད་འོག་མིན་ཕོ་བྲང་དུ༔ ས་བཅུའི་བྱང་ཆུབ་སེམས་དཔའ་འཁོར་རྣམས་ལ༔ ཕྱི་རྒྱུད་སྡེ་གསུམ་སྐུ་ཡི་མདངས་ཀྱིས་བཤད༔ སྤྲུལ་སྐུ་ཤཱཀ་ཐུབ་ལྷོ་ཡི་འཛམ་གླིང་དུ༔ ཉན་ཐོས་དགྲ་བཅོམ་སྣ་ཚོགས་གང་ཟག་ལ༔ མཚན་ཉིད་ཐེག་པ་གསུམ་གྱི་དམ་ཆོས་གསུངས༔ གསང་སྔགས་འབྲས་བུ་ཐེག་པའི་བྱུང་ཚུལ་ནི༔ ཀུན་བཟང་ཆེ་མཆོག་ཁྲོ་རྒྱལ་ཧེ་རུ་ཀ༔

2-26a

༄༅༔      ༔དྲག་པོ་འཇིགས་བྱེད་འབར་བའི་སྐུར་བཞེངས་ནས༔ རང་དང་མཚུངས་པར་དུར་ཁྲོད་ཆེན་པོར་སྤྲུལ༔ ཁྲོ་བོ་མངོན་འབྱུང་དཀྱིལ་འཁོར་རྒྱས་བསྡུས་དང་༔ རྒྱུད་སྡེ་འཕྲིན་ལས་ཚོགས་རྣམས་མ་ལུས་གསུངས༔ ཞི་ཁྲོ་སྤྱི་རྒྱུད་བྱེ་བྲག་རྒྱུད་གཉིས་ལས༔ སྤྱི་ཡི་རྒྱུད་ལ་རྒྱུད་སྡེ་ལྔ་རུ་གསུངས༔ བདེ་བར་གཤེགས་པ་འདུས་པ་རྩ་བའི་རྒྱུད༔ ཕྱི་མ་ངེས་པར་འབྱུང་བའི་རྒྱུད་དང་ནི༔ ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད་སྡེ་དང་༔ མ་ཚང་ཁ་སྐོང་ཀུན་དགོས་རྒྱུད་ཆེན་དང་༔ འབྱེད་པར་བྱེད་པ་ལྡེ་མིག་རྒྱུད་རྣམས་གསུངས༔ བྱེ་བྲག་རྒྱུད་ཀྱང་རྩ་རྒྱུད་ཡན་ལག་གཉིས༔ རྩ་བའི་རྒྱུད་ལ་དགོངས་པ་བཅུ་རུ་གསུངས༔ ཞི་བ་རྩ་རྒྱུད་ཆེ་མཆོག་རྩ་རྒྱུད་དང་༔ ཁྲག་འཐུང་རྩ་རྒྱུད་གཤིན་རྗེའི་རྩ་རྒྱུད་དང་༔ འཕྲིན་ལས་རྩ་རྒྱུད་མ་མོའི་རྩ་རྒྱུད་དང་༔ དྲེགས་པ་རྩ་རྒྱུད་དྲག་པོ་འདུས་པའི་རྒྱུད༔ རིག་འཛིན་རྩ་རྒྱུད་པདྨ་རྩ་

2-26b

རྒྱུད་དང་༔ ཡན་ལག་རྒྱུད་སྡེ་སྒྲུབ་པ་བཀའ་བརྒྱད་བྱུང་༔ ཐུགས་ནས་ཕྱུང་ནས་མགུལ་གྱི་བུམ་པར་བྲེལ༔ ལྗགས་ལ་བཀྲམ་ནས་ཚེམས་ཀྱི་བར་ལ་བཏོན༔ ཆོས་ཀྱི་རང་སྒྲ་ལེའུར་གསུངས་པའི་དུས༔ བཀའ་ཡི་སྡུད་པ་རྡོ་རྗེ་དྲག་པོ་རྩལ༔ རིགས་འཛིན་རྣམས་ཀྱིས་ཐོག་མ་ངག་ཏུ་བཏུས༔ དེ་ནས་པོ་ཏི་གླེགས་བམ་བཀོད་པ་ལས༔ གསེར་གྱི་གླེགས་བམ་བཻཌཱུར་ཞུན་མས་བྲིས༔ སྤྱི་དང་བྱེ་བྲག་རྒྱུད་སྡེ་ཕྱོགས་ཕྱོགས་བསྡེབས༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་ལ་གཏད༔ རྣལ་འབྱོར་སྐལ་ལྡན་གཅིག་ལ་སྦྱིན་ཞེས་པའི༔ དངོས་གྲུབ་བཀའ་ལུང་སྩལ་ནས་གཏེར་དུ་གཏད༔ ཐེག་པའི་རིམ་པ་དམ་ཆོས་སོ་སོ་ལ༔ རྒྱལ་བའི་བཀའ་ལུང་འཁོར་ལོ་རྣམ་པ་གསུམ༔ སྤྲུལ་སྐུས་གསུངས་པ་བཀའ་ཡི་སྡུད་པ་པོ༔ ཕྱག་ན་རྡོ་རྗེས་འབྲས་བུའི་ཐེག་པ་གསུངས༔ ཉན་ཐོས་ཀུན་དགས་རྒྱུ་ཡི་ཐེག་པ་གསུངས༔

2-27a

༄༅༔      ༔ཡིག་མིང་ཚིག་ཏུ་འཇམ་པའི་དབྱངས་ཀྱིས་སོ༔ བཟོ་རིག་འབུར་དུ་ཁྱབ་འཇུག་ལྷ་ཡིས་བཏོད༔ རྒྱལ་བ་ཤཱཀ་ཐུབ་མྱ་ངན་འདས་གྱུར་ནས༔ མེ་ཏོག་བཀོད་པ་ཞེས་བྱའི་ཞིང་ཁམས་སུ༔ རྒྱལ་བ་མ་གྲགས་པ་ཞེས་བྱ་བ་འབྱུང་༔ ལོངས་སྤྱོད་རྫོགས་སྐུ་འོད་ཟེར་སྤུངས་པའི་གནས༔ བདེ་གཤེགས་རིགས་ལྔའི་ཚོམ་བུས་ཡོངས་སུ་བསྐོར༔ ཀུན་བཟང་དབྱེར་མེད་ཆེན་པོའི་ངང་ལ་བཞུགས༔ སྤྲུལ་སྐུའི་བཀའ་ལུང་འཁོར་ལོ་རྣམ་གསུམ་ལ༔ བསྟན་བཅོས་རྣམ་པ་གསུམ་དུ་བྱུང་ཚུལ་ནི༔ བདེན་པ་བཞི་ཡི་ཆོས་ཀྱི་བཀའ་ལུང་ལ༔ ལྟ་བ་སོ་སོར་རང་གི་རིག་པ་ཡི༔ བྱེ་བྲག་བཤད་མཛོད་ཆེན་མོ་ལ་སོགས་པ༔ མཚན་ཉིད་མེད་པའི་བཀའ་ནི་ཀླུ་སྒྲུབ་ཀྱིས༔ དབུ་མ་རིག་པའི་ཚོགས་དྲུག་བྱ་བ་བརྩམས༔ ངེས་པ་དོན་གྱི་བཀའ་དང་དོན་རྣམས་ལ༔ བྱམས་བས་མདོ་སྡེ་རྒྱན་སོགས་སྡེ་ལྔ་བརྩམས༔ བསྟན་བཅོས་

2-27b

རྩོམ་པོ་རྗེས་སུ་འབྱུང་བའི་ལུང་༔ ཉི་ཁྲི་རྣམ་འབྱེད་བམ་པོའི་ནང་དུ་གསུངས༔ ང་ནི་མི་གནས་མྱ་ངན་འདས་འོག་ཏུ༔ ང་དང་འདྲ་བའི་སྐྱེས་བུ་མཆོག་གིས་ནི༔ རྒྱལ་བའི་དགོངས་པ་མཆོག་རྣམས་འགྲེལ་པར་བྱེད༔ ཀུན་དགའ་བོས་ནི་དགྲ་བཅོམ་ཐོབ་པའི་དུས༔ རྒྱལ་བའི་དགོངས་པ་ཀུན་རྣམས་སྡུད་པར་བྱེད༔ བདེ་བར་གཤེགས་པ་སྐལ་ལྡན་རིན་པོ་ཆེ༔ སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ༔ རྡེའུ་དང་ནི་ཤིང་བུ་དང་༔ རྔ་བོ་ཆེ་དང་པདྨོ་ལས༔ དེ་དག་སྒྲ་བྱུང་བཀའ་ཡིན་ཏེ༔ རྒྱལ་བས་བྱིན་གྱིས་བརླབས་པའི་ཕྱིར༔ རྒྱལ་བ་མྱ་ངན་འདས་པའི་དུས༔ དགྲ་བཅོམ་ལྔ་བརྒྱ་བཞུགས་ན་ཡང་༔ ཀུན་དགས་དགྲ་བཅོམ་མ་ཐོབ་པར༔ སྡུད་པོ་གཞན་ལ་གཏད་པ་མིན༔ རྒྱལ་བ་བདེ་གཤེགས་བཞུགས་པའི་དུས་སུ་ནི༔ ལྔ་བརྒྱས་དགྲ་བཅོམ་ཐོབ་ནས་བཞུགས་ན་ཡང་༔ གཅིག་མ་གཏོགས་ནི་ཀུན་དགའ་བོ་ཞེས་གསུངས༔ ཀུན་དགའ་

2-28a

༄༅༔      ༔བོས་ནི་མྱ་ངན་འདས་པ་ཡི༔ རྗེས་ལ་དགྲ་བཅོམ་འབྲས་བུ་ཐོབ་ནས་སུ༔ བདེ་གཤེགས་བཀའ་ཡི་སྡུད་པ་མཛད་པ་ནི༔ འདི་སྐད་བདག་གིས་ཐོས་བའི་དུས་གཅིག་ན༔ རྒྱལ་བའི་གསུང་རྣམས་རྗེས་སུ་དྲན་པ་ཡིས༔ ལུས་ཀྱི་བ་སྤུ་རྣམས་ནི་གཡོ་བྱེད་ཅིང་༔ སངས་རྒྱས་གསུང་རྣམས་རྗེས་སུ་དྲན་དོན་ཡོད༔ ཞུས་དང་སྡུད་པ་ཇི་ལྟར་བྱོན་པའི་ལེའུ་སྟེ་དྲུག་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔