༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅོ་ལྔ་པ། བཞུགས་ཀྱི་སྐུ་མཁར་ཇི་ལྟར་བརྩིགས་པའི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་བཅོ་ལྔ་པ། བཞུགས་ཀྱི་སྐུ་མཁར་ཇི་ལྟར་བརྩིགས་པའི་ལེའུ།)

བཞུགས་ཀྱི་སྐུ་མཁར་ཇི་ལྟར་བརྩིགས་པ་ནི༔ རྗེ་གཅིག་གཉའ་ཁྲི་བཙན་པོའི་སྐུ་རིང་ལ༔ ཡུལ་ལ་སྔ་བ་ཡར་ཀླུངས་སོག་ཁ་རུ༔ མཁར་ལ་སྔ་བ་ཤམ་པོ་དགུ་བརྩེགས་བརྩིགས༔ རྒྱལ་པོ་གྲི་གུམ་བཙན་པོའི་སྐུ་རིང་ལ༔ ཡར་མོ་སྣ་བཞིར་སྣང་བའི་ཤར་ཕྱོགས་སུ༔ ཕོ་བྲང་སྐུ་མཁར་ཁྲ་དང་བྱ་ར་བརྩིགས༔ རྒྱལ་པོ་སྤུ་དེ་གུང་རྒྱལ་སྐུ་རིང་ལ༔ ཡར་མོ་སྣ་བཞིར་སྣང་བའི་ནུབ་ཕྱོགས་སུ༔ ཕོ་བྲང་སྐུ་མཁར་ཁྲི་བརྩིགས་འབུམ་གདུགས་བརྩིགས༔ རྒྱལ་པོ་སྟོང་རི་སྟོང་བཙན་སྐུ་རིང་ལ༔

2-67a

༄༅༔      ༔ཕོ་བྲང་སྐུ་མཁར་འཕྱི་ང་སྟག་རྩེ་ནི༔ བ་དམར་འོ་མས་ས་རྣམས་སྦངས་ཏེ་བརྩིགས༔ རྒྱལ་པོ་ཐོ་རི་སྙན་ཤལ་སྐུ་རིང་ལ༔ ཡར་མོ་སྣ་བཞིར་སྣང་བའི་ལྷོ་ཕྱོགས་སུ༔ ཕོ་བྲང་སྐུ་མཁར་ཡུམ་བུ་བླ་མཁར་བརྩིགས༔ ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ༔ སྐུ་མཁར་ལྷ་ས་དམར་པོ་རི་ཡི་སྟེང་༔ དགུ་བརྒྱ་གོ་དགུ་རྩེ་དང་སྟོང་དུ་བརྩིགས༔ རླུང་ནམ་འཕྲུལ་གྱི་རྒྱལ་པོའི་སྐུ་རིང་ལ༔ ཡར་མོ་སྣ་བཞི་མདའ་ཡི་བྱང་ཕྱོགས་སུ༔ ཕོ་བྲང་སྐུ་མཁར་ཟོ་ཐང་རི་ལ་བརྩིགས༔ རྒྱལ་པོ་ཁྲི་ལྡེ་ཨག་ཚོམ་སྐུ་རིང་ལ༔ ཕོ་བྲང་སྐུ་མཁར་བསམ་ཡས་མཆིམས་ཕུར་བརྩིགས༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་རིང་ལ༔ བཞུགས་ཀྱི་སྐུ་མཁར་གསུམ་དུ་བརྩིགས་པ་ནི༔ རྟ་མངས་ཁུད་ཀྱི་བཙན་མཁར་ཡང་རྩེ་བརྩིགས༔ གནམ་ཕྱིན་ཚད་པའི་ཟླ་བའི་བསིལ་ཁང་ནི༔ ཟུང་མཁར་སྨྱུག་མ་བྲག་གི་

2-67b

ཟུར་ལ་བརྩིགས༔ ལོ་པཎ་རྣམས་ཀྱིས་དམ་ཆོས་གསུངས་པའི་དུས༔ བསམ་ཡས་ལྷོ་ངོས་ན་རྒྱུད་ནེའུ་གསིང་དུ༔ སྨྱུག་མའི་གཟེར་ཁང་སྐུ་མཁར་གསུམ་ཐོག་བརྩིགས༔ མཇིང་ཡོན་མུ་ཏིག་བཙན་པོའི་སྐུ་རིང་ལ༔ བསམ་ཡས་གྲོག་མཁར་སྟེང་དུ་སྐུ་མཁར་བརྩིགས༔ སྐུ་ཡི་སྐྱོ་བསངས་དར་ཁང་མིག་དགུའི་ནང་༔ མཆོད་གཡོག་མཛེས་པ་གཞོན་ནུ་དགུ་ཡིས་ནི༔ ཟས་སྣ་གཡོས་སྣ་མི་འདྲ་དུ་མ་ཡིས༔ ནང་ནུབ་དྲོ་དང་གུང་གི་དུས་ལ་མཆོད༔ བཞུགས་ཀྱི་སྐུ་མཁར་ཇི་ལྟར་བརྩིགས་པའི་ལེའུ་སྟེ་བཅོ་ལྔ་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔