༄༅། །བཀའ་ཐང་སྡེ་ལྔ།
༡ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཡུམ་བུ་བླ་མཁར་གྱི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༡ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཡུམ་བུ་བླ་མཁར་གྱི་ལེའུ།)

མ་འོངས་རྒྱལ་བརྒྱུད་ནོར་སྐལ་སྦས་པ་དང་༔ རྒྱལ་བརྒྱུད་བླ་མཆོད་མན་ངག་རྒྱས་བཏབ་ནི༔ ཐོ་རི་སྙན་ཤལ་རྒྱལ་པོའི་སྐུ་རིང་ལ༔ ཡུམ་བུ་བླ་མཁར་རི་རྒྱུད་གོང་མའི་སྟེང་༔ བྲག་རི་དམར་པོ་མཐའ་ཆེན་ནང་ཁོངས་ན༔ ནོར་གྱི་བང་སོ་དྲྭ་མིག་ལྔ་པ་ཡོད༔ དེ་ཡི་སྟེང་གི་བྲག་ལོགས་དམར་པོ་ལ༔ རྡོ་རྗེ་རྒྱ་གྲམ་མཚལ་གྱིས་བྲིས་པའི་འོག༔ བཀའ་རྟགས་ཕྱག་རྒྱ་རྡོ་ལ་མཆོད་རྟེན་བརྐོས༔ དེ་ནས་གཞུ་འདོམ་ཐུར་ལ་བཅལ་བ་ན༔ བང་སོའི་ཐད་དུ་གཞུ་འདོམ་གང་བརྐོས་ལ༔ གཡམ་པ་སྔོན་པོ་འདོམ་གང་གྲུ་བཞི་ཡོད༔ དེ་ཉིད་བསལ་བའི་འོག་ན་བང་སོའི་སྒོ༔ དབུས་འབྱེད་ལྕགས་ལུང་ལྕགས་

2-72a

༄༅༔      ༔ཀྱུས་སྦྲེལ་བ་ཡོད༔ དེ་ཡི་ནང་གི་སེང་གེའི་ཁྲི་སྟེང་ན༔ ཟངས་ཆེན་ཁ་སྦྱར་རིན་ཅེན་སིལ་མས་བཀང་༔ མི་ཡི་ཁུར་པོ་བདུན་གྱི་བོངས་ཚོད་ལ༔ བྲེ་ལ་བཅལ་བའི་ཁལ་བདུན་བྲེ་ལྔ་ཡོད༔ དངུལ་གྱི་གའུ་པང་ཐེག་གཅིག་གི་ནང་༔ གནམ་ཞལ་ཆེན་མོ་ཕྲ་མན་རིན་ཅན་སྐྱོགས༔ ལྷ་ཡི་ན་བཟའ་པཉྩ་ལི་ཀས་གྲིལ༔ ལྷ་ཡི་ཡུལ་གྱི་དཔག་བསམ་ལྗོན་ཤིང་འབྲུ༔ རིན་ཅེན་ནོར་བུ་ངང་པའི་སྒོ་ང་ཙམ༔ རྒྱལ་པོའི་དཀོར་ཆ་རིན་ཅེན་བཅུ་གསུམ་ཡོད༔ ཅེས་གསུངས་པས༔ འདི་ན་མར་ལ་ཁ་བྱང་ཡང་བྱང་གནས་བྱང་ལྡེ་མིག་དང་བཅས་པ་སྟོན་ཏེ༔ ཡུལ་ཡར་ཀླུངས་སོག་ཁའི་ལུང་པ་ཤར་གྱི་ཕྱོགས༔ བྲག་དམར་པོ་རི་སྣ་ཟུར་དང་བཅས་པ༔ རི་དྭགས་ཨེ་ཎ་ཡ་ལྟ་བུའི་སྟེང་༔ རྒྱལ་པོའི་སྐུ་མཁར་ཡུམ་བུ་བླ་མཁར་ཞེས་བྱ་བ་ཡོད་དོ༔ དེའི་གོང་ཡ་ཚད་བྲག་མཐའི་སྐབ་ན་བང་སོ་

2-72b

དམར་པོ་ཞིག་ཡོད༔ དེའི་སྟེང་བྲག་དམར་པོ་ཞིག་གི་ལྡེབས་ལ༔ མཚལ་གྱིས་བྲིས་པའི་རྡོ་རྗེ་རྒྱ་གྲམ་ཡོད༔ དེའི་འོག་ན་རྡོ་ལ་བརྐོས་པའི་མཆོད་རྟེན་བང་རིམ་གསུམ་པ་ཞིག་ཡོད་དོ༔ དེ་ནས་གཞུ་འདོམ་ལྔ་དང་མདའ་གང་བཅལ་བའི་ས་རུ་བརྐོས་པས་འདོམ་གང་ཁྲུ་གང་ན༔ གཡམ་པ་འདོམ་གང་གྲུ་བཞི་པ་ཞིག་གིས་སྒོའི་ཁ་བཅད་ནས་ཡོད་དོ༔ དེ་ཡར་ལ་བསལ་བའི་འོག་ན་འཕྲེད་སྒོ་དབུས་ནས་འབྱེད་པ་ཞིག་ཡོད་དོ༔ དེ་ལ་ལྕགས་སྐོར་ལྕགས་ཀྱུས་སྣ་ལུང་སྦྲེལ་ནས་ཡོད༔ ལྕགས་ཀྱུ་བཀྲོལ་ནས་སྒོ་ཆེ་བའི་དུས་སུ༔ རལ་གྲི་གཉིས་དེང་ངེ་ཡོད་དོ༔ མཐེམ་གྱི་ནང་དུ་འབྲེང་བ་གཉིས་བྲེང་ངེ་ཡོད་དོ༔ དེ་གྲི་ཟོར་གྱིས་བཅད་པའི་དུས་སུ༔ རལ་གྲི་གཉིས་ས་ལ་བོག་ནས་འགྲོ་ཡི༔ ནང་དུ་ཕྱིན་ལ་ཐོག་མར་རལ་གྲི་མདོར་འདོན་པར་བྱའོ༔ དེ་ནས་མར་མེ་ཆེ་བ་ཞིག་བཏེག་ལ་ནང་དུ་ཕྱིན་པས༔ རྡོ་

2-73a

༄༅༔      ༔སྐས་རིམ་པ་བདུན་བབས་པའི་ས་ན༔ སེང་ལྡེང་དང་གླ་གོར་གྱི་གདུང་གཤིབས་པའི་སྟེང་༔ ཟངས་མོ་ཆེ་ཁ་སྦྱར་བའི་ནང་ན༔ གསེར་སྦྲམ་དང་མཚལ་བསྲེས་པ་མི་ཁུར་བདུན་ཡོད༔ དེའི་དཀྱིལ་ན་དངུལ་གྱི་གའུ་ཞིག་ན༔ རིན་པོ་ཆེ་ནོར་བུ་བསམ་འཕེལ་བྱ་བ་ངང་པའི་སྒོ་ང་ཙམ་ཞིག་ལྷའི་གོས་པཉྩ་ལི་ཀས་གྲིལ་ནས༔ རྒྱལ་པོ་སྟོང་རི་སྟོང་བཙན་གྱི་གནམ་ཞལ་རིན་པོ་ཆེ་ཕྲ་མན་གྱི་སྐྱོགས་སུ་བཅུག་སྟེ༔ པཉྩ་ལི་ཀ་ལ་སོགས་པ་ལྷའི་ན་བཟའ་བདུན་གྱིས་གྲིལ་ནས་ཡོད་དོ༔ དེའི་ཟངས་ཀྱི་མཐའ་ན༔ དཀོར་ཆ་རིན་པོ་ཆེ་དངུལ་གྱི་བུམ་པ་རྟའི་མགོ་ཅན་གསུམ༔ རྒྱལ་པོ་ལྡེ་རུ་གནམ་གཞུང་བཙན་གྱི་གནམ་སྡེར་རིན་པོ་ཆེ་སྣ་ཚོགས་ལས་རང་འཁྲུངས་སུ་གྲུབ་པ་དང་༔ རྒྱལ་པོ་ཁྲི་ཐོག་རྗེ་བཙན་གྱི་དབུ་ཐོད་གསེར་གྱི་གའུར་བཅུག་ནས་རིན་པོ་ཆེ་སྣ་བདུན་གྱི་རྒྱས་བཏབ་ནས་ཡོད༔ གཞན་

2-73b

ཡང་གཟིའི་ཕོར་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་བཏབ་པ་བདུན༔ དངུལ་གྱི་གསོལ་སྡེར་བདུན་ཅུ་དོན་བདུན༔ ཟངས་ཀྱི་སྣོད་དྲུག་ཅུ་རིན་པོ་ཆེ་མཆིང་བུས་བཀང་བ་ཡོད་དོ༔ སྲུང་མ་ཤམ་པོའི་གངས་བཙན་ལ་གཏད་ནས་ཡོད་པས༔ མར་གྱི་གཡག་དང་བཤོས་བུ་དང་གསེར་སྐྱེམས་ཀྱིས་མཆོད་ལ་ཐོན༔ ཁྲི་འབྲུག་གླང་ལུག་བཞིས་ལོངས་སྤྱོད་པར་ཤོག་ཅིག་སྨོན་ལམ་བཏབ་སྟེ༔ རྒྱལ་བརྒྱུད་རིམ་པ་ནས་རིམ་པར་ཁ་བྱང་ཕྱག་ཏུ་བརྒྱུད་ནས་གཏད་དེ༔ མུ་ཏིག་བཙན་པོའི་རིང་ལ་བྲག་ལག་སོར་འདྲ་བ་ལ་གཏེར་དུ་སྦས་སོ༔ རེའུ་མིག་གཞན་དག་ཀུན་ན་ཡང་༔ གསེར་ཕྱེ་ཟངས་ཀྱི་རྫ་མ་རེ་རེ་ཡོད་དོ༔ ཁ་བྱང་སྨོས་པའི་སྒོ་ནི་དང་པོ་ནས་མེད་དོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཡུམ་བུ་བླ་མཁར་གྱི་ལེའུ་སྟེ་དང་པོའོ༔       ཐྲཐ྅རྦྱ།རྦྱ།༔       ༔