༄༅། །བཀའ་ཐང་སྡེ་ལྔ།
༤ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཐེམ་པའི་འོག་དང་ཀ་བ་བུམ་པ་ཅན་གྱི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༤ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཐེམ་པའི་འོག་དང་ཀ་བ་བུམ་པ་ཅན་གྱི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ འཕྲུལ་སྣང་སྒོ་ཡི་ཐེམ་པའི་འོག༔ སྒོ་ཁའི་དབུས་ཀྱི་ཐད་སོ་ན༔ རྡོ་སྒྲོམ་ཞ་ཉེའི་ཁ་བསྟུམས་བྱས༔ ནང་དུ་གསལ་གྱི་རྫ་མ་བཅུག༔ སོལ་ཕྱེ་ཚིག་ཕྱེ་བསྲེས་པའི་དཀྱིལ༔ ཨིནྡྲ་ནཱི་ལའི་ལྷུང་བཟེད་ནང་༔ ལྷ་ཡི་ཡུལ་གྱི་རིན་ཅེན་བདུན༔ ཀླུ་ཡི་ཡུལ་གྱི་རིན་ཅེན་བདུན༔ གསེར་སོགས་རིན་ཅེན་ལྔ་ཡིས་གྲིལ༔ རྡོ་སྤྲིན་དམར་པོས་ཁ་གཅོད་བྱས༔ ཐེམ་པའི་འོག་ན་རྒྱ་ཡིས་བཏབ༔ ཅེས་གསུངས་པས༔ འཁྲུལ་སྣང་གི་ཐེམ་པ་ནང་མའི་སྒོ་འབྱེད་པའི་དབྲག་གི་ཁ་ལྟ་བའི་ནང་ངོས་རྔོག་པ་འོང་བའི་ཐད་ཀ་ནས་མདའ་གང་

2-77a

༄༅༔      ༔བྲུས་པའི་ས་ན༔ གཡམ་པ་ཅིག་ཡོད༔ དེ་བསལ་བའི་འོག་ན་རྡོ་གསལ་གྱི་རྫ་མ་ཡོད༔ དེའི་ནང་ན་བཻ་ཌཱུཪྻའི་ལྷུང་བཟེད་ཀྱི་ནང་ན་ལྷའི་ཡུལ་གྱི་རིན་པོ་ཆེ་འོད་ཀྱི་ལྟེ་བ༔ ཀེ་ཀེ་རུ༔ རཏྣ་དྷེ་བ༔ ཨིནྡྲ་ནཱི་ལ༔ སུ་ཙ་མུནྟྲ༔ སྟག་ཤ་དྷེ་བ༔ མ་ནི་པ་ཏྲ༔ ཀླུའི་ཡུལ་གྱི་རིན་པོ་ཆེ༔ ལྗོན་པ་ཙི་ཏྲ༔ མོ་ཡོངས་ཙི་ཏྲ༔ ལུ་ན་ཙི་ཏྲ༔ ཙིང་ཀ་ལིང་ཙི་ཏྲ༔ ལེན་ཙི་ཏྲ༔ བྷ་ཧུ་ཏ་ཙེ་ཏྲ༔ བྷ་སུ་ར་ཙི་ཏྲ༔ བདུན་གྱིས་བཀང་སྟེ༔ ཐོག་མར་མིའི་ཡུལ་གྱི་རིན་པོ་ཆེ་གསེར་གྱིས་གྲིལ༔ དེའི་སྟེང་དུ་པདྨ་རཱ་གས་གྲིལ༔ དེའི་སྟེང་དུ་དངུལ་གྱིས་གྲིལ༔ དེའི་སྟེང་དུ་ལྕགས་ཀྱིས་གྲིལ༔ དེའི་སྟེང་དུ་ཟངས་ཀྱིས་གྲིལ་ནས་རྡོའི་རྫ་མར་བཅུག༔ བར་མཚམས་གོང་འོག་ཏུ་སོལ་བ་དང་ནས་ཚིག་གི་ཕྱེ་མས་གཏམས་ཏེ་ཁ་ཞ་ཉེས་བཅད་ནས༔ སྟེང་ལ་རྡོ་སྤྲིན་གྱིས་ཞལ་བ་བྱས་པ་ཡོད་པས༔ དེའི་དཔང་གིས་མཐའི་ནོར་

2-77b

ཐམས་ཅད་དབུས་སུ་འདུ་བ་དང་༔ མཐའི་མཁས་བཙུན་ཐམས་ཅད་ཀྱང་ལྷ་སའི་ནང་དུ་འབྱོན་པ་དང་༔ རིག་པའི་ཡོན་ཏན་ཐམས་ཅད་ཀྱང་བོད་དུ་དར་ཞིང་རྒྱས་པར་འགྱུར་རོ༔ གཏེར་འདི་ནི་བོད་ཁམས་ཀྱི་རྟེན་འབྲེལ་ཆེ་བའི་གཏེར་ཞེས་བྱ་སྟེ༔ གཉེར་དུ་གཏད་པའི་སྲུང་མ་ཡང་མེད༔ བཏོན་ནས་སྤྱད་པར་ཡང་མ་གསུངས་སོ༔ དེ་ནས་ཡང་དག་བཤད་བྱ་བ༔ ཟུར་ཆེན་ཀ་བ་བཞི་པོ་ལ༔ ནོར་བུ་དབང་གི་རྒྱལ་པོ་དང་༔ ནོར་སྒྲུབ་སྲོག་སེར་གཏད་གསུམ་བཞུགས༔ ཞེས་གསུངས་པས༔ ཐོག་མར་ཀ་བ་བུམ་པ་ཅན་ལ༔ ནོར་གྱི་གཏེར་སྦས་པ་ནི༔ བུམ་པ་ཅན་གྱི་ཀ་གཞུའི་གཡས་ཟུར་གྱི་སེང་གེའི་ལྕམ་གཞུག་གཏད་པའི་ལྟེ་བ་ལ༔ ལྕམ་གཞུག་ནས་རྩིག་པ་ལ་ཁྲུ་གསུམ་ཐུར་ལ་བཅལ་བའི་ས་ན༔ རྩིག་པ་ལ་གླ་བའི་ཤིང་གྲུ་བཞི་པ་ཅིག་ཡོད༔ དེའི་སྟེང་གི་ཞལ་བ་བཀོག་པའི་འོག་ན༔ ཤིང་དེ་ལ་

2-78a

༄༅༔      ༔གླ་གོར་གྱི་ཆོལ་མཛུབ་གང་བ་གཅིག་ཡོད༔ དེ་གཟོང་གིས་བཀོག་པའི་འོག་ན་གསེར་གྱི་སྦུ་གུ་ཞིག་ཏུ༔ ལྷའི་ཡུལ་གྱི་རིན་པོ་ཆེ་ནོར་བུ་བསམ་འཕེལ་རཏྣ་དྷེ་བ་ཞེས་བྱ་བ༔ མཐེ་བོང་གི་ཚད་ཙམ་པ་ཅིག་སྦྲུལ་གྱི་པགས་པས་གྲིལ་ནས་ཡོད༔ དེའི་འོག་ན་ཀླུའི་རྒྱལ་པོ་ནོར་རྒྱས་དཀར་པོ་ནོར་དུ་སྒྲུབ་པ་དང་༔ གནོད་སྦྱིན་ཀུ་བེ་རའི་ནོར་སྒྲུབ་གཉིས༔ གསེར་གྱི་ཤོག་བུ་ལ་བཻ་ཌཱུཪྻས་བྲིས་པ་བཞུགས་སོ༔ གསེར་གྱི་སྦུ་གུའི་ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཅད་ཡོད༔ ཀླུའི་རྒྱལ་པོའི་གཟུགས་དང་༔ གནོད་སྦྱིན་གྱི་སྐུ་གསེར་ལས་སྤྲུལ་པའི་བཟོ་བོས་བཞེངས་པ་སོར་ལྔ་པ་གཉིས་བཞུགས་སོ༔ གཏེར་སྲུང་ནི་ཀུ་བེ་ར་ལ་གཏད་དོ༔ འདོན་པའི་དུས་སུ་གཏེར་བདག་མཆོད་པར་བྱ་བ་དང་༔ སྒྲུབ་ཐབས་དཔེ་བཤུས་ནས་རྙིང་པ་ཤུལ་དུ་གཞག་པ་དང་༔ སྐུ་གཉིས་ལས་ཀླུ་གཟུགས་ཤུལ་དུ་བཞག་ནས༔ སྔར་ལྟར་དམིགས་བས་

2-78b

རྒྱས་བཏབ་པ་གཅེས་སོ༔ ཚེས་གྲངས་དང་ལོ་ནི་ལུག་གོ༔ དུས་ནི་དགུན་ཟླ་ར་བའི་ཚེས་གཅིག་ལའོ༔ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས༔ ཐེམ་པའི་འོག་དང་ཀ་བ་བུམ་པ་ཅན་གྱི་ལེའུ་སྟེ་བཞི་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔